སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་དང་འབྲེལ་ནས་བཀའ་ཤག་གི་གསལ་བསྒྲགས་སྤེལ་འདུག
ཟླ་༥ པའི་ཚེས་༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས། ཉེ་ཆར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་ཚོགས་དྲ་ལམ་བརྒྱུད་༸གོང་ས་མཆོག་ནས་དྲ་བརྙན་བརྒྱུད་བཀའ་དབང་སྩལ་རྒྱུ་དཔེར་བཟུང་ནས་བླ་ཆེན་རྣམ་པས་སྤྱི་ཚོགས་དྲ་ལམ་ཐོག་བཀའ་དབང་དང་བྱིན་རླབས་གནང་བ་དེ་དག་བསྟན་པ་ཉམས་པ་དང་། བཤིག་པའི་རྒྱུ་རྐྱེན་དུ་འགྲོ་ཚུལ་དང་བཅས་མཚན་སྨད་ཞུས་པ་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བློ་ཕམ་ཚད་མེད་དང་བྱ་སྤྱོད་དེ་བཞིན་ནོར་འཁྲུལ་དུ་ངོས་འཛིན་ཞུ་ཡི་ཡོད་སྐོར་གྱི་གསལ་བསྒྲགས་སྤེལ་འདུག
དེ་ཡང་གསལ་བསྒྲགས་ནང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནས་སྤྱི་ཚོགས་དྲ་ལམ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྲ་བརྙན་བརྒྱུད་བཀའ་དབང་སྩལ་རྒྱུ་དཔེར་བཟུང་ནས་བླ་ཆེན་རྣམ་པས་སྤྱི་ཚོགས་དྲ་ལམ་ཐོག་བཀའ་དབང་དང་བྱིན་རླབས་གནང་བ་དེ་དག་བསྟན་པ་ཉམས་པ་དང་། བཤིག་པའི་རྒྱུ་རྐྱེན་དུ་འགྲོ་ཚུལ་དང་བཅས་མཚན་སྨད་ཞུས་པ་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བློ་ཕམ་ཚད་མེད་དང་བྱ་སྤྱོད་དེ་བཞིན་ནོར་འཁྲུལ་དུ་ངོས་འཛིན་ཞུ་ཡི་ཡོད།
ཚང་མས་མཁྱེན་གསལ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་སྐུ་ངལ་སྐྱོན་གནང་བར་བརྟེན་ད་ལྟའི་རང་རེའི་སྤྱི་ཚོགས་དང་། འཛམ་གླིང་། ལྷག་པར་རྒྱ་ནག་སྐམ་ས་ཆེན་པོའི་ནང་བོད་བརྒྱུད་ནང་བསྟན་ལ་དོ་དབྱིངས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་སྨོས་ཅི་དགོས། དེང་སྐབས་འཛམ་གླིང་གི་ཛ་དྲག་གནས་སྟངས་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་བདག་བླ་ཆེན་རྣམ་པའི་དྲ་བརྙན་བརྒྱུད་དུས་ཀྱི་དགོས་མཁོའི་རྒྱུ་མཚན་དུ་མར་དགོངས་ཏེ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དད་ལྡན་ཡོངས་ལ་བཀའ་དབང་དང་བྱིན་རླབས་གནང་བ་སྙིང་དབུས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། ནད་ཡམས་རྐྱེན་གྱིས་སྒོ་རྒྱ་བསྡམས་པའི་དུས་འདིར་འཛམ་གླིང་དད་ལྡན་མང་པོས་གསོལ་འདེབས་དང་ལྷག་པར་བཀའ་ཤག་ནས་མཚན་འཁོད་ཞུ་སྙན་འབུལ་ལམ་ཞུས་པ་ལྟར་ད་རེས་ས་ག་ཟླ་བའི་དུས་ཚོད་ཁྱད་པར་ཅན་འདི་འདྲ་ཞིག་གི་སྐབས་བཀའ་དབང་སྩལ་རྒྱུའི་དགོངས་བཞེས་བསྐྱངས་པར་འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་ཡང་སྒོས་རང་ཅག་གངས་ཅན་པ་རྣམས་ལ་སྐལ་བཟང་གི་གོ་སྐབས་རིན་ཐང་བྲལ་བ་ཞིག་ཡིན་པ་བཅས་ཞེས་བཀོད་འདུག
སྤྱིར་བཏང་ཚེས་༢༦ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གྱི་མཚན་ཐོག་ནས་གསལ་བཤད་ཅིག་སྤེལ་བའི་ནང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་ནི་རྣམ་ཀུན་རང་ལ་གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་ཡིན་པས། རང་ ལ་ཐུགས་ཚོར་གང་བྱུང་བ་ཞལ་ནས་ཐལ་བ་ཞིག་ལས་རྒྱབ་ལྗོངས་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་མེད་ཀྱང་། དེ་ལ་བརྟེན་ནས་མང་ཚོགས་ཁྲོད་དུ་དོན་མེད་བློ་ཕམ་དང་བསམ་ཚུལ་མི་ཉུང་བ་ཞིག་ཡོང་གཞིར་སྣང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་གཞན་སུ་དང་སུས་དྲྭ་བརྙན་བརྒྱུད་དབང་དང་བྱིན་རླབས་རིགས་གནང་སྐབས། དྲྭ་ཐོག་ནས་ཉན་མཁན་དང་ལྟ་མཁན་ཚང་མར་དབང་དང་བྱིན་རླབས་ངོ་མ་ཐོབ་པར་དགོངས་མཁན་དང་གསུང་མཁན་ཕལ་ཆེར་སུའང་མེད། འོན་ཀྱང་ཉན་མཁན་སོ་སོའི་དབང་པོ་དང་དད་པས་ལྕོགས་ན་བླ་མའི་ཐུགས་རྗེ་དང་ཆོས་ཀྱི་བྱིན་རླབས་གཉིས་ལ་བརྟེན་ནས་དབང་དངོས་གཞི་མ་ཐོབ་ཀྱང་ བྱིན་རླབས་ཁྱད་པར་ཅན་རེ་འཇུག་ཐུབ་པར་ཐེ་ཚོམ་དང་རྩོད་པ་མེད་པ་མ་ཟད། བླ་མ་རྣམ་པས་དེ་ལྟར་མཛད་དོན་ཡང་སློབ་མའི་སེམས་རྒྱུད་ལ་ཆོས་ཀྱི་བྱིན་རླབས་དང་བག་ཆགས་འཇོག་པའི་ཆེད་དུ་རེད་ཅེས་བརྗོད་ཆོག གཞན་ཡང་དབང་ཆེན་གྱི་མཚན་གྲགས་ལ་བརྟེན་ནས་སློབ་མ་མང་པོ་འདུ་བ་དང་། དེའི་གོ་སྐབས་བཟུང་སྟེ་ཆོས་ཀྱི་གཞི་རིམ་གནས་ལུགས་དང་བསླབ་བྱ་རྣམས་ངོ་སྤྲོད་མཛད་ཀྱི་ཡོད་སྐོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཀྱང་ཕེབས་མྱོང་ཡོད། གསང་སྔགས་ཁྲོམ་བསྒྲགས་མི་བྱེད་པའི་གསང་སྔགས་ཀྱི་དམ་ཚིག་ཡོད་པ་བདེན་ནའང་། དེ་དག་ཐད་དུས་རབས་མང་པོའི་སྔོན་རོལ་ནས་འགལ་འཛོལ་ཉམས་ཆག་ཅི་ཆེ་སོང་ཟིན་ཡོད་པ་དང་། དེ་ལ་བརྟེན་ནས་བསྟན་པ་ལ་གནོད་སྐྱོན་ཡང་ཅི་ཆེ་བྱུང་ཡོད་པ་གོར་མ་ཆགས། འོན་ཀྱང་དེ་དག་གི་ལེ་ཁག་དང་ཉེས་འགན་ཐམས་ཅད་ད་ལྟའི་བསྟན་བདག་རྣམ་པར་དཀྲི་རྒྱུ་ནི་ལོ་རྒྱུས་དང་རྒྱུ་མཚན་གནས་སྟངས་གང་ལ་གཞིགས་ཀྱང་འོས་འཚམས་ཤིག་རྩ་བ་ནས་མིན་པར་མ་ཟད། བོད་ཀྱི་༧རྒྱལ་བསྟན་ཡོངས་རྫོགས་ལོ་རྒྱུས་སུ་མ་གྲགས་པའི་གཉན་འཕྲང་དུ་གྱུར་སྐབས་སྤྱི་ནོར་ྋགོང་ ས་༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། རིས་མེད་བསྟན་བདག་བླ་ཆེན་རྣམ་པས་སྐུ་ངལ་ཁྱད་བསད་ཀྱིས་བསྟན་པ་སླར་གསོ་ཇི་ལྟར་མཛད་ཡོད་མེད་ད་ལྟ་རང་ཅག་ཡོངས་ཀྱི་དྲན་ལམ་དང་མཐོང་ཆོས་སུ་ཡོད་པ་འདི་ལྟར་ལགས་ན། རང་རིགས་སེར་སྐྱ་རྒན་གཞོན་ཡོངས་ནས་སྙིང་ནས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཞིག་ཡིན། ཞེས་བཀོད་འདུག གསལ་བཤད་དེར་སྐྱོན་བརྗོད་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། དེའི་རྗེས་སུ་ཆོས་རིག་བཀའ་བློན་གྱིས་གསལ་བསྒྲགས་འཕར་མ་ཞིག་སྤེལ་ཏེ། སྐུ་ཉིད་ནད་དགོངས་ཐོག་ཡོད་པ་དང་ད་རེས་ཆོས་ཕྱོགས་དང་འབྲེལ་བའི་གནས་ཚུལ་ཚབས་ཆེན་ཞིག་གློ་བུར་ཐོན་པ་དེ་སེམས་ཀྱིས་མ་བཟོད་པར་སྐབས་འབྲེལ་ཆོས་ཕྱོགས་ཀྱི་གླེང་གཞི་གང་ཡིན་དེ་ཁོ་ནའི་ཐོག་ལ་གསལ་བཤད་གནད་བསྡུས་ཤིག་ཆོས་རིག་བཀའ་བློན་གྱི་མཚན་ཐོག་ནས་སྤེལ་བ་ལས་དེ་འབྲེལ་གྱི་གནད་དོན་གཞན་གྱི་ཐོག་བཀའ་ཤག་ནས་ལན་འདེབས་གནང་ངེས་དང་། གསལ་བསྒྲགས་དང་པོ་དེ་ནི་ཆོས་རིག་བཀའ་བློན་སྒེར་གྱི་གསལ་བསྒྲགས་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད།
ཆོས་རིག་བཀའ་བློན་གྱི་གསལ་བཤད་དེར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཡི་གེ་ཞིག་བསྐུར་ཡོད་པ་དང་། དེའི་ནང་ཐུགས་རྗེ་ཆེ་ཞུས་ཡོད་ཁར། སྤྱིར་གུས་བས་ཉེ་ཆར་བཤད་པའི་སྐད་ཆ་ཞིག་ མི་གཞན་གྱིས་བཅད་གཏུབ་མང་པོ་བྱས་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བཏང་ཡོད་ས་རེད་ལ། དེའི་སྐོར་དེ་རིང་ཞོགས་པ་གུས་པ་རང་ངོས་ནས་ཚོགས་ཐོག་ཏུ་གསལ་བཤད་ཆ་ཚང་བྱས་ཟིན་པ་ཟུར་དུ་ཕུལ་ཡོད། ༧སྐྱབས་ མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དབུས། རིས་མེད་ཀྱི་སྐྱེས་ཆེན་རྣམ་པས་ད་བར་དབང་ཆེན་གྱི་རིགས་དྲ་ལམ་ནས་བསྐུར་གནང་མཛད་ཀྱི་ཡོད་པ་མཇལ་མྱོང་མེད་ཀྱང་། མི་རིང་བར་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་ཐུགས་རྗེ་ཆེན་པོའི་དབང་ཆེན་སྟ་གོན་དང་དངོས་གཞི་གཉིས་ཀ་ཡོད་པ་ཞིག་སྩོལ་གནང་མཛད་འཆར་ཡོད་པའི་གསལ་བསྒྲགས་དེ་མཇལ་སོང་བས། མ་འོངས་པར་དབང་གནང་མཁན་ཐམས་ཅད་ཀྱིས་དེ་ལ་མིག་དཔེ་བལྟས་ནས་དེ་ལྟ་བུ་གནང་ཡོང་ན་རྒྱུད་སྡེ་ཁག་གི་དགོངས་དོན་དང་མཐུན་གྱི་མི་འདུག་བསམས་ནས་གུས་པས་བསམ་ཚུལ་དེ་བཤད་པ་ཡིན་པས། ད་ལན་འདིར་གསལ་བཤད་མང་པོ་ཞུ་དགོས་མ་མཆིས་པར། སྐུ་ཉིད་ཀྱིས་བཀའ་སློབ་ལམ་སྟོན་གང་ཕེབས་པ་ཚང་མར་མོས་མཐུན་དང་ལེན་ཞུ་ངེས་ཡིན། ཞེས་བཀོད་འདུག
གནད་དོན་དེ་དང་འབྲེལ་ནས་དྲ་ཐོག་ཏུ་གླེང་སློང་འདྲ་མིན་མང་པོ་ཞིག་འགྲོ་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།