སྤྲུལ་ཧཱུྃ་ཀར་རྡོ་རྗེའི་མ་ཡུམ་སེམས་ངལ་གྱིས་འདས་གྲོངས་སུ་གྱུར་འདུག

བརྒྱུད་ལམ་གྱི་པར།

འདི་ལོའི་ཕྱི་ཟླ་༥ པའི་ཚེས་ ༦ ཉིན་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་ལགས་སེམས་ངལ་རྐྱེན་པས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་བརྒྱུད་ལམ་ཁག་ནང་ཐོན་ཡོད་པ་བཞིན། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་ཐོག་ཁུངས་ལྡན་གནས་ཚུལ་འབྱོར་བར་བཀོད་པ་ལྟར་ན། དགུང་གྲངས་ ༨༥ ལ་ཕེབས་པའི་མ་ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་ལགས་རང་གི་སྲས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝི་ཡཏ་ནཱམ་ (Vietnam) དུ་གནས་སྟངས་ཁ་གསལ་མེད་པར་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་རྗེས་སེམས་ངལ་འོག་སྙུང་གཞི་བཞེས་ཏེ་རིམ་བཞིན་སྙུང་གཞི་ཇེ་སྡུག་ཏུ་ཕྱིན་ནས་འདས་གྲོངས་སུ་གྱུར་ཡོད་པ་རེད་འདུག

དེ་བཞིན། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་དུས་མིན་འདས་གྲོངས་སུ་གྱུར་བའི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་སེམས་འཚབ་བཏོན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་རྒྱ་ནག་གཞུང་དང་ཝི་ཡཏ་ནཱམ་གཞུང་གཉིས་ནས་རིན་པོ་ཆེ་མཆོག་སྐུ་གྲོངས་རྐྱེན་ཇི་ཡིན་ཁ་གསལ་བཟོ་དགོས་པའི་སྐུལ་དེད་གནང་ཡོད་པ་རེད།
མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོག་ཐུགས་འཁུར་ཆེ་བཞེས་གནང་མཁན་གྱི་མཚན་སྙན་ལྡན་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་དང་། རིན་པོ་ཆེ་མཆོག་ཝི་ཡཏ་ནཱམ་དུ་རྒྱ་ནག་གཞུང་དང་ཝི་ཡཏ་ནཱམ་གཞུང་གཉིས་ཀྱི་དོ་དམ་འོག་གློ་བུར་དུ་འདས་གྲོངས་སུ་གྱུར་ཡོད་པ་རེད། ཟླ་བ་འདིའི་ཚེས་ ༡༦ ཉིན་མོ་འདི་བཞིན་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་འདས་གྲོངས་སུ་གྱུར་ནས་ཞག་ཞེ་དགུ་འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་པ་རེད།

མཚན་སྙན་ལྡན་པའི་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་གྱུར་བའི་རྗེས་རྒྱ་ནག་གཞུང་གིས་གནས་ཚུལ་སྦས་བསྐུངས་བྱས་པ་དང་། རིན་པོ་ཆེ་མཆོག་གི་ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་ལགས་འདས་གྲོངས་ཀྱི་གནས་ཚུལ་དེ་ཡང་དུས་ཐོག་ཏུ་ཐོན་ཐུབ་མེད་པ་རེད། བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་གཉའ་གནོན་ཇེ་ཆེར་གཏོང་བའི་སྲིད་བྱུས་ལག་བསྟར་ལ་ཐུགས་འཚབ་དང་སྦྲགས། འདི་ནི་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་ལ་དམ་བསྒྲགས་དང་རྒྱལ་སྤྱིའི་སྟེང་གཞིས་བཞུགས་བོད་མིའི་འབོད་སྒྲ་ཐོས་མི་ཐུབ་པ་བཟོ་ཐབས་ཀྱི་བྱ་སྤྱོད་ཅིག་ཡིན་པ་ངོས་འཛིན་གནང་ཡོད་པ་རེད།
ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་དང་ཝི་ཡཏ་ནཱམ་གཞུང་གཉིས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་འོག་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་འདས་གྲོངས་སུ་གྱུར་བའི་གནས་སྟངས་ཐད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ངོས་ནས་རང་དབང་ཅན་གྱི་དམིགས་བསལ་ཆེད་མཁས་པ་བསྐོ་འཛུགས་ཀྱི་རྟོག་ཞིབ་ཡོང་བའི་རེ་སྐུལ་གནང་བ་མ་ཟད། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་གྱུར་བའི་གནས་སྟངས་ཕྱི་གསལ་ནང་གསལ་མ་ཆགས་བར་དུ་རྒྱལ་ཁབ་ཁག་ནས་རྒྱ་ནག་དང་ཝི་ཡཏ་ནཱམ་གཉིས་དང་ལྷན་དུ་གཞུང་དོན་དང་དཔལ་འབྱོར་གྱི་འབྲེལ་ལམ་ཐད་བསྐྱར་ཞིབ་ཡོང་བའི་ཞབས་སྐུལ་གནང་ཡོད་པ་རེད། མ་ཟད་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་བཀག་ཉར་དང་འདས་གྲོངས་སུ་བཏང་བ། དེ་བཞིན་གནས་ཚུལ་སྦས་བསྐུངས་བྱེད་མཁན་རྒྱ་ནག་དང་ཝི་ཡཏ་ནཱམ་གཉིས་ཀྱི་འབྲེལ་ཡོད་དཔོན་རིགས་ཚོར་ཉེས་ཆད་བཀལ་དགོས་ལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་གནང་མཁན་ཚོར་ལ་སྲུང་སྐྱོབ་ཀྱི་ཐབས་ལམ་ཤུགས་ཆེ་རུ་གཏོང་དགོས་པ་རེ་སྐུལ་གནང་ཡོད་པ་རེད། །ཅེས་བཀོད་འདུག