སྦིར་དུ་ཁམས་སྡེ་དགེར་ཆུ་མཛོད་གསར་རྒྱག་ཡུལ་མི་གནས་སྤོས་ལ་ངོ་རྒོལ་ལས་འགུལ།

ཟླ་འདིའི་ཕྱི་ཚེས་༢༧ ་ཉིན་སྦིར་སྡེ་དགེ་བོད་ཁམས་བཟོ་ལས་ཚོགས་པའི་གོ་སྒྲིག་འོག སྦིར་ས་གནས་མི་མང་དང་དགོན་སྡེ་ཁག་གི་དགེ་འདུན་པ་སོགས་མཉམ་ཞུགས་ཐོག་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་ཁམས་སྡེ་དགེ་རྫོང་གི་གྲོང་སྡེ་དང་དགོན་པ་ཁག་ཅིག་གནས་སྤོ་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་དང་། དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཆེད། སྦིར་མཆོང་གདུགས་འབབ་ཚུགས་ནས་སྡེ་དགེ་ལས་ཁུངས་ཀྱི་མདུན་ཐང་བར་ངོ་རྒོལ་སྐད་འབོད་དང་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་། སྡེ་དགེ་ཡིག་ཚང་གི་མདུན་ཐང་དུ་སླེབ་སྐབས་སྦིར་སྡེ་དགེ་ས་འཐུས་ཚོགས་གཙོ་ཚེ་རིང་རྡོ་རྗེ་དང་། ས་གནས་འགོ་འཛིན་དཀོན་མཆོག་ལྷ་མོ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། ན་གཞོན་ཆེད་མཁས་པ་འཇམ་དབྱངས་ཕུན་ཚོགས། ས་གནས་ཡུལ་མིའི་བརྒྱ་དཔོན་ལྕམ་ནེ་གེ་ཤི་ཋ་ཀོར་སོགས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་བྱས། ལས་འགུལ་དེར་སྡེ་དགེ་སྲས་འཆི་མེད་རྡོ་རྗེ་དང་། ཅོན་ཏ་ར་ནང་ཆེན་ས་གནས་འགོ་འཛིན་མེ་རི་སྐྱབས། སྦིར་བོད་ཚོགས་ས་གནས་འགོ་འཛིན་ཀརྨ་རྣམ་རྒྱལ། སྡེ་ནང་གཉིས་ཀྱི་ས་འཐུས་ཚོགས་གཙོ་སོགས་མི་མང་བརྒྱ་ཕྲག་གཉིས་ལ་ཉེ་བ་མཉམ་ཞུགས་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།