སྦིར་ལི་ལི་གྲོང་སྡེར་ཁང་གླ་ཆག་ཡང་དང་འཚོ་སྣོན་རོགས་སྐྱོར།

ཉེ་བའི་ཟླ་ཤས་ནས་བཟུང་རྒྱ་ནད་ཏོག་དབྱིབས་ཁྱབ་གདལ་སོང་བའི་རྐྱེན་གྱིས་སྤྱི་ཚོགས་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་ལྟར། བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་ཆེད་བོད་གཞུང་ནང་སྲིད་ལས་ཁུངས་ནས་གསར་རྒྱག་གནང་བ་སྦིར་ལི་ལི་བོད་མིའི་གྲོང་སྡེ་རུ་ཡང་གཅིག་མཚུངས་བཞིན་དཀའ་ངལ་འཕྲད་ཅིང་། ས་གནས་དེ་ནས་ཚོང་ཁང་དང་ཟ་ཁང་སོགས་ཀྱི་ཁང་བདག་རྣམས་ཀྱིས་ཁང་གླ་ཆག་ཡང་དང་། འཚོ་སྣོན་རོགས་སྐྱོར་གནང་མཁན་ཡང་བྱུང་འདུག

གནས་ཚུལ་དེའི་སྐོར་སྦིར་ལི་ལི་བོད་མིའི་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཤེས་རབ་ལགས་སུ་ཕྱི་ཟླ་༥ ཚེས་༢༠ ཉིན་དྲ་ལམ་བརྒྱུད་གནས་ཚུལ་འདྲི་རྩད་ཞུས་པར་ཁོང་གིས་འགྲེལ་བརྗོད་གནང་དོན། “སྤྱིར་བོད་མིའི་སྒྲིག་འཛུགས་ཀྱིས་ང་ཚོ་བོད་ནས་གསར་དུ་འབྱོར་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་སྦིར་ལི་ལི་གྲོང་སྡེ་ཞེས་སྡོད་ཁང་གསར་བསྐྲུན་གནང་བ་སོགས་རོགས་རམ་གཟིགས་སྐྱོང་རྒྱ་ཆེན་པོ་གནང་ཡོད་པའི་བཀའ་དྲིན་དང་། འདི་གའི་ཁྱིམ་ཚང་རྣམས་ཀྱིས་ཀྱང་སྔ་དགོང་ཉིན་གསུམ་ཀུན་ཏུ་དཀའ་ལས་བརྒྱབ་ནས། ཁྱིམ་ཚང་ཕལ་ཆེ་བར་དཀའ་ངལ་ཧ་ཅང་ཆེན་པོ་དེ་འདྲ་རང་མེད་ནའང་། རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་ནད་ངན་དེ་ལ་བརྟེན། ལི་ལི་ཚོགས་པའི་ཁྱབ་ཁོངས་ཁྱིམ་ཚང་རྣམས་ཀྱིས་འཚོ་ཐབས་ཆེད་ཚོང་ལས་ཙག་ཙིག་རེ་གཉེར་བཞིན་པ་རྣམས་མུ་མཐུད་ཐབས་མེད་པར་བརྟེན་ཡོང་འབབ་མེད་པར་གྱུར་སོང་། འདིར་ཚོང་ཁང་དང་། མགྲོན་ཁང་། ཟ་ཁང་། འཚེམ་ཁང་། སྡོད་ཁང་སོགས་གླ་གཡར་བོག་ལེན་གྱིས་ཚོང་ལས་གཉེར་བཞིན་ཡོད་ཀྱང་། ཏོག་དབྱིབས་ནད་དུག་ཛ་དྲག་གི་གནས་སྟངས་འོག་རྒྱ་གར་གཞུང་གིས་ཁྱིམ་སྡོད་བཀའ་རྒྱ་བཀྲམ་ནས་ཚོང་ཁང་དང་། མགྲོན་ཁང་། འཚེམ་ཁང་། ཟ་ཁང་སོགས་སྒོ་ཕྱེ་མི་ཐུབ་པ་དངོས་ཡོད་བཀའ་ངལ་གྱི་གནས་ཚུལ་ལ་བརྟེན། ཁང་གླ་སྤྲོད་རྒྱུར་ཡང་དཀའ་ངལ་ཆེན་པོ་ཡོད་པས། ལི་ལི་ཚོགས་པ་དང་དོ་བདག་སོ་སོ་བཅས་ཀྱིས་ཁང་བདག་རྣམས་ལ་སྐྱབས་འཇུག་ཞུས་པ་བཞིན། ད་བར་སྦིར་ཁུལ་དུ་ཡོད་པའི་བཀའ་དྲིན་མཚུངས་མེད་དགོན་སྡེ་ཁག་དང་། བླ་བྲང་། མི་ཚང་སྒེར་བཅས་ཀྱིས་ཀྱང་བོད་ནས་འབྱོར་བ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཁང་གླ་ཆག་ཡང་གི་ཐོག་ནས་གཟིགས་སྐྱོང་ཆེན་གནང་སོང་།” ཞེས་དང་།

མུ་མཐུད་ཁོང་གིས། “དཔེར་ན། ༡ འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་དུ་བདག་ཐོབ་ཡོད་པའི་ཚོང་ཁང་བདུན་གྱི་ཟླ་བ་གསུམ་རིང་ཁང་གླ་མི་དགོས་པར་ཆག་ཡང་གནང་ཞིང་། ༢ རྫོང་སར་མཁྱེན་བརྩེ་བླ་བྲང་ནས་མགྲོན་ཁང་འོག་ཏུ་ཡོད་པའི་ཚོང་ཁང་གི་ཁང་གླ་ནད་ཡམས་ཀྱིས་དཀའ་ངལ་འཕྲད་ནས་བཟུང་འབུལ་མི་དགོས་པར་ཆག་ཡང་གནང་། ༣ པདྨ་འགྱུར་མེད་དམ་བུ་བཀྲ་ཤིས་ལགས་ཀྱིས་ཟ་ཁང་དང་མགྲོན་ཁང་བཅས་ཀྱི་ཁང་གླ་ཟླ་གཉིས་རིང་སྒོར་༦༠༠༠༠ ཐམ་པ་ཆག་ཡང་གནང་ཞིང་། ༤ བྱམས་པ་མཁས་གྲུབ་ལགས་ཀྱིས་སྦིར་ཁུལ་དུ་ཚོང་གཉེར་བྱེད་མ་ཆོག་གི་བར་ཚོང་ཁང་ཞིག་གི་ཁང་གླ་ཟླ་རེར་སྒོར་༡༠༠༠ རེ་ཆག་ཡང་གནང་སོང་། ༥ སྟོབས་དགའ་ལགས་ཀྱིས་སྡོད་ཁང་ཞིག་ལ་ཟླ་རེར་སྒོར་༢༠༠༠ ཆག་ཡང་། ༦ དབང་འདུས་རྡོ་རྗེ་ལགས་ཀྱིས་ཟ་ཁང་གི་ཁང་གླ་ཟླ་བ་གཉིས་རིང་ཆག་ཡང་དང་། ༧ བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཟ་ཁང་དང་མགྲོན་ཁང་གི་ཁང་གླ་ཟླ་གཅིག་དང་ཕྱེད། ཚོང་ཁང་སོགས་ཀྱི་ཁང་གླ་ཟླ་གཅིག་རིང་ཆག་ཡང་གནང་། ༨ བལ་ལས་ཚོགས་པའི་ཁོངས་སུ་བུ་མོ་ལགས་ཀྱིས་ཟ་ཁང་གི་ཁང་གླ་ཟླ་བ་གསུམ་རིང་སྒོར་༣༠༠༠ ཆག་ཡང་དང་། ༩ Surya classic (སུརྱ་)ལགས་ཀྱིས་ཚོང་ཁང་གི་ཁང་གླ་ཟླ་བ་གསུམ་རིང་ཆག་ཡང་གནང་། ༡༠ དཔོན་གཡུལ་རྒོད་ལགས་དང་། རྒྱལ་པོ་དོན་འགྲུབ་ལགས་ཀྱིས་ཚེམ་ཁང་དང་། ཚོང་ཁང་། ཤིང་བཟོ་ཁང་བཅས་ཀྱི་ཁང་གླ་ཟླ་བ་གསུམ་རིང་ཕྱེད་ཆག་གནང་ཞིང་།  ༡༡ ཨོ་རྒྱན་ཉི་མ་ལགས་ཀྱིས་ཚོང་ཁང་དང་ཟ་ཁང་སོགས་ཁང་གླ་ཟླ་བ་གཉིས་ལ་ཆག་ཡང་གནང་། ༡༢ སྡེ་དགེ་ཚོགས་པའི་བདག་དབང་འོག་ཡོད་པ་ཅོན་ཏ་ར་བོད་ཁྱིམ་(TCV)སློབ་གྲྭའི་སྒོ་ཆེན་འགྲམ་ཡོད་པའི་ཚོང་ཁང་དང་ཟ་ཁང་སྡོད་ཁང་སོགས་གི་ཁང་གླ་ཟླ་གསུམ་རིང་བརྒྱ་ལྔ་བཅུ་བཅས་ཆག་ཡང་གནང་སོང་། དེ་ལ་སྦིར་ལི་ལི་ཚོགས་པའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་དང་། གཞན་ཡང་ཁོང་གིས། “ནད་ཡམས་ཀྱི་རྐྱེན་གྱིས་རྒྱ་གར་རྒྱལ་ཡོངས་སུ་ཁྱིམ་སྡོད་བཀའ་རྒྱ་སྔ་རྗེས་ཡུན་རིང་བཏང་བར་བརྟེན། ལི་ལི་བོད་མིའི་ཚོགས་པའི་ཚོགས་མི་བརྒྱ་ཆ་དགུ་བཅུ་ཙམ་དུས་རྒྱུན་བཞིན་ལས་ཀ་བྱེད་ཐབས་མེད་པར་གྱུར་པའི་འཚོ་བའི་རོགས་སྐྱོར་ཆེད། ལི་ལི་ཚོགས་པའི་ཁྱབ་ཁོངས་ནས་ཁྱིམ་ཚང་༢༡ ལ་མཆོག་གླིང་གདུང་སྲས་སྐྱབས་རྗེ་འཛི་སྒར་ཀོང་སྤྲུལ་རིན་པོ་ཆེ་མཆོག་ལ་སྙན་གསེང་གསོལ་འདེབས་ཞུས་པ་བཞིན། རིན་པོ་ཆེ་མཆོག་གི་ཐུགས་བརྩེ་བ་ཆེན་པོས། ཁྱིམ་ཚང་གྲངས་༢༡ ལ་ཟླ་གསུམ་རིང་མི་ཚང་རེར་ཟླ་རེར་ཧིན་སྒོར་༡༥༠༠ རེ་འཚོ་སྣོན་རོགས་སྐྱོར་ཡང་གནང་སོན་བྱུང་སོང་བས། ཁོང་ལ་སྦིར་ལི་ལི་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་”ཅེས་ངོ་སྤྲོད་འགྲེལ་བརྗོད་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།