སྦིར་ལི་ལི་ཚོགས་པས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

སྦིར་ལི་ལི་ཚོགས་པའི་ཚོགས་གནས་ཚུལ་མཁོ་གཏོང་བྱས་པ་ལྟར་ན། ལི་ལི་ཚོགས་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལོ་ལྟར་སྲུང་བརྩི་ཞུ་སྲོལ་ཡོད་ཀྱང་། ལོ་འདིར་ཞབས་རིམ་གང་མང་གསོག་སྒྲུབ་དང་། ཕྱི་ཟླ་༧ ཚེས་༦ ཉིན་སྦིར་ལི་ལི་ཚོགས་པའི་གནད་ཡོད་མི་སྣ་རྣམས་འཛོམས་ནས་དུས་དྲན་སྲུང་རྩི་ཞུས་ཡོད་འདུག
ལི་ལི་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཤེས་རབ་ཀྱིས་འགྲེལ་བརྗོད་གནང་དོན་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ནི། བོད་མི་ཡོངས་ཀྱིས་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་བྱེད་བཞིན་པ་ཞིག་ཡིན་པ་ལྟར། ང་ཚོ་སྦིར་དུ་གསར་འབྱོར་ཚོགས་པ་གསར་འཛུགས་བྱས་རྗེས། ཐོག་མ་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེའི་བླ་བྲང་གི་ར་སྐོར་ནང་དུ་དགོས་མཁོ་རྣམས་བླ་བྲང་གིས་གཡར་ནས་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། སྦིར་ཕྱོགས་སུ་བོད་ནས་གསར་དུ་འབྱོར་བ་རྣམས་ལ་བཙན་བྱོལ་བོད་གཞུང་གིས་སྡོད་གནས་གསར་སྐྲུན་གནང་ཟིན་པའི་རྗེས་སུ། གུར་བརྒྱབ་ནས་བོད་མི་མང་རྣམས་འདུ་འཛོམས་ཀྱིས་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད། ཕྱིས་སུ་ལི་ལི་ཚོགས་པའི་ཚོགས་ཁང་གསར་སྐྲུན་བྱས་ནས་མི་མང་རྣམས་ཚོགས་ཁང་དུ་འཛོམས་ནས་མཛད་སྒོ་དང་། སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན། མི་མང་ཚང་མ་མཉམ་དུ་འཛོམས་ནས་ཐུགས་སྤྲོ་ལ་རོལ་བ་སོགས། སྐུའི་འཁྲུངས་སྐར་གྲ་རྒྱས་སྲུང་བརྩི་ཞུ་བཞིན་ཡོད་ནའང་། ལོ་འདིར་ང་ཚོས་རེ་སྒུག་བྱེད་བཞིན་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར། རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་པས་མི་མང་འདུ་འཛོམས་བྱ་རྒྱུར་གནས་ཡུལ་གཞུང་གི་ཁྲིམས་ཐོག་ནས་ཚད་གཞི་དང་བཀག་རྒྱ་ཡོད་པས། མི་མང་འདུ་འཛོམས་བྱེད་ཐུབ་ཐབས་མེད་ནའང་། ༧གོང་ས་མཆོག་དགུང་གྲངས་༨༥ ཧྲིལ་པོ་འཁོར་བའི་སྐུའི་འཁྲུངས་སྐར་གྱི་ཉིན་མོར། ལི་ལི་ཚོགས་པའི་རྒྱུན་ལས་ལས་ཐོག་དང་ཟུར་པ་རྣམ་པ། སྒྲོལ་མ་ཚོགས་པའི་ཚོགས་མི་རྣམ་པ། ཟློས་གར་ཚོགས་པའི་ཚོགས་མི་རྣམ་པ། ས་གནས་ཆུ་སྒང་གི་རྒྱུན་ལས་བཅས་འཛོམས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། གསོལ་ཇ་འབྲས་སིལ་འདེགས་འབུལ་བཅས་མཛད་སྒོ་སྟབས་བདེ་ཞིག་སྲུང་རྩི་ཞུས་ཡོད་ཅིང་། མི་མང་རྣམས་ཀྱིས་རང་ཁྱིམ་དུ་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་སྐྱེས་ཆེན་རྣམས་སྐུ་ཁམས་བརྟན་པ་དང་། སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པ། སེམས་ཅན་ལ་བདེ་སྐྱིད་འབྱུང་བ། ལྷག་པར་དུ་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་ཆེད་དུ་དམིགས་ནས། དུས་རྒྱུན་ལི་ལི་ཚོགས་པའི་ཚོགས་ཁང་དུ་ཞབས་རིམ་གསོག་སྒྲུབ་བྱེད་བཞིན་པ་ལྟར་དང་། ལོ་འདིར་འཛམ་གླིང་གི་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་མགྱོགས་ནས་མྱུར་དུ་ཞི་བ་བཅས་ཀྱི་ཆེད་དུ། ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༣ ནས་༢༠༢༠ ཟླ་༦ ཚེས་༢༡ བར་སྒྲོལ་མ་ཚར་གྲངས་༢༦༧༡༡༨ དང་། སྒྲོལ་མའི་གཟུངས་སྔགས་༥༡༧༧༩༠༠ མ་ཎི་གྲངས་༧༡༡༩༣༢༠ མ་ཎི་ཚར་གྲངས་༦༩༣༩༣༢༠ གསོག་སྒྲུབ་ཞུས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་འགྲུབ།