སྦེང་ལོར་ས་གནས་གཞོན་ལྷན་ནས་དབུལ་ཕོངས་ལ་སྦྱིན་གཏོང་གིས་༧སྐུའི་འཁྲུངས་སྐར་སྲུང་བརྩི།

སྦེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་གྱི་ཡུལ་མི་དབུལ་ཕོངས་ ༡༡༣ ལ་ཉིན་གཅིག་གི་སྟབས་བདེའི་བཟའ་ཆས་བྱིན་ནས་༧གོང་ས་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་འཁྲུངས་སྐར་སྔོན་བསུ་ཞུས་འདུག

༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བསླེབ་ལ་ཉེ་བའི་སྐབས་འདིར། སྦེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་གྱི་ཡུལ་མི་དབུལ་ཕོངས་ ༡༡༣ ལ་ཉིན་གཅིག་གི་སྟབས་བདེའི་བཟའ་ཆས་དང་གྱོན་ཆས་སྦྱིན་གཏོང་བྱས་ཏེ་མགོན་པོ་གང་ཉིད་དགུང་གྲངས་ ༡༡༣ བཞུགས་པའི་བཀའ་བཞེས་ཟབ་མོ་དེ་བདེ་བླག་ངང་ནས་གྲུབ་པའི་སྨོན་མདུན་དང་རྟེན་འབྲེལ་ཞུས་འདུག

སྦེང་ལོར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་འདི་གའི་གསར་ཁང་དུ། མགོན་པོ་གང་ཉིད་ནས་དུས་དང་རྣམ་པ་ཀུན་དུ་བཀའ་བསློབ་ལམ་སྟོན་ཡོད་པ་བཞིན། ང་ཚོའི་ངོས་ནས་རང་ཉིད་ཀྱི་ནུས་པའི་ལྕོགས་ཚོད་ཀྱིས་གཞན་ལ་ཕན་པའི་དགེ་བའི་བྱ་བ་སྣ་མང་ཞིག་བརྩམ་པའི་ཐོག་ནས་༧སྐུའི་འཁྲུངས་སྐར་སྲུང་རྩི་ཞུ་འཆར་ཡོད་ཅེས་དང་། ལས་འཆར་དེ་ནི་༧རྒྱལ་བའི་དགོངས་པ་དང་མཐུན་པའི་༧སྐུའི་འཁྲུངས་སྐར་སྲུང་རྩིས་ཞུ་བའི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱེད་ཡོད་ཅེས་བརྗོད་བྱུང་། 

ལས་འཆར་དེའི་ནང་མཉམ་ཞུགས་བྱེད་མཁན་མང་པོ་ཞིག་བྱུང་འདུག་སྟེ། ༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་སྦེང་ལོར་བོད་ཁྱིམ་སྡོད་ཁང་ནས་སློབ་ཕྲུག་ལྷག་བསམ་ཅན་དུ་མ་ཞིག་གིས་གནང་བའི་གྱོན་ཆས་དག་རྒྱ་གར་གྲོང་གསེབ་ཁུལ་གྱི་དབུལ་ཕོངས་ཉམས་ཐག་དག་ལ་སྤྲད་ཐབས་ཀྱི་ལས་འཆར་ཞིག་ཆགས་ཡོད་འདུག

དེ་རིང་གི་ལས་འཆར་དེའི་སྐོར་ལ། ཚོགས༌ཟུར༌དཀོན༌མཆོག༌རིན༌ཆེན༌ནས་དངོས་སུ་གྲོང་གསེབ་ཀྱི་མི་རྣམས་ལ་བཟའ་ཆས་དང་གྱོན་གོས་སྤྲོད་པའི་སྐབས་ལ་ཁོ་ཚོའི་དགའ་སྣང་གི་འཛུམ་དང་ལྷན་དུ་སླར་ཡང་མ་འོངས་པར་རོགས་པ་གནང་རོགས་ཞེས་ཡང་ཡང་བརྗོད་ཀྱི་འདུག་ཅེས་དང་། ཡང་འཚོ་བ་ཧ་ཅང་སྐྱོ་བའི་མི་གྲངས་བརྒྱ་ལྷག་ལ་གྱོན་ཆས་སྤྲད་རྒྱུ་བྱུང་བ་དང་ནང་མི་བརྒྱ་དང་བཅུ་གསུམ་ལ་ཉིན་གཅིག་གི་བཟའ་ཆས་སྤྲོད་རྒྱུ་བྱུང་བ་དེ་ངོ་མ་བྱ་བ་ཆེན་པོ་ཞིག་གྲུབ་པའི་ཚོར་སྣང་བྱུང་ཞེས་གསུངས་བྱུང་། 

གཞན་ཡང་། ཁོང་གིས་དེ༌རིང༌རྒྱ༌ནད༌དེའི༌དཀའ༌ངལ༌ཆེན༌པོ༌ཡོད༌ན༌ཡང༌༧རྒྱལ༌བའི༌བཀའ༌སློབ༌ལག༌བསྟར་༌བྱེད༌རྒྱུ༌དུས༌ལ༌སླེབས༌འདུག༌ཅེས་གསུངས་བྱུང་།།

གསར་འགོད་པ་དཀོན་མཆོག་རབ་བརྟན།