སྦེལ་རྗམ་དུ་མཆོད་འབུལ་སྨོན་ལམ།
ཟླ་འདིའི་ཚེས་༢ སྟེ་བོད་ཚེས་ས་ག་ཟླ་བའི་ཚེས་ ༡༥ ཉིན་སྦེལ་རྗམ་ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག རྒྱལ་ས་བྷུ་རུ་སེལ་ཎ་ལེན་ཌའི་དགོན་པར་ཆོད་འབུལ་བསྔོ་སྨོན་དང་། བླ་མ་མཆོད་པའི་ཚོགས་མཆོད་བཅས་འཚོགས་ཡོད་པ་རེད།
སྨོན་ལམ་ཚོགས་མཆོད་དེའི་དབུ་བླར་མེ་ཏོག་རིན་པོ་ཆེ་བྱོན་ཡོད་པ་དང་། རིན་པོ་ཆེས་ས་ག་ཟླ་བ་དེ་ནང་པ་སངས་རྒྱས་པའི་ཆོས་ཕྱོགས་ཀྱི་གལ་ཆེན་རིང་བཞིན་ཇི་ལྟར་ཡིན་པའི་སྐོར་ལ་ངོ་སྤྲོད་གནང་ཡོད་པ་རེད། ཁོང་གིས་ས་ག་ཟླ་བའི་ཚེས་ ༡༥ ནི་སྟོན་པ་སངས་རྒྱས་ཤཀྱ་ཐུབ་པ་མཆོག་དང་པོ་ལྷུམས་སུ་ཞུགས་པ་དང་། དེ་ནས་བར་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མཐར་སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཚོད་ཁྱད་པར་ཅན་སུམ་འཛོམས་པའི་ཉི་མ་ཡིན་པ་དང་། ས་ག་ཟླ་བའི་ནང་དགེ་སྡིག་འབུམ་འགྱུར་གྱི་ཡོད་པ་ཡང་སངས་རྒྱས་ཀྱིས་བྱིན་གྱིས་བརླབ་པའི་དུས་ཁྱད་པར་ཡིན་པས་རེད་ཅེས་ངོ་སྤྲོད་དང་འབྲེལ། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་དང་། སངས་རྒྱས་ཆོས་ཚོགས་མ་བཅས་ཀྱི་ཆོས་ཁྲིད་ཀྱང་གནང་ཡོད་པ་རེད།
བསྔོ་སྨོན་ཚོགས་མཆོད་གོ་སྒྲིག་པས་དེ་རིང་གི་བསྔོ་སྨོན་གོ་སྒྲིག་འདི་ནི་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་བཀའ་དགོངས་དང་། ས་གནས་བོད་རིགས་ཚོགས་པའི་སྒྲིག་གཞིའི་དགོངས་དོན་ལྟར་ལོ་ལྟར་འཚོགས་བཞིན་ཡོད་པ་རེད། ཡིན་ནའང་། དེ་རིང་དམིགས་བསལ་ཉེ་ཆར་བོད་ཁམས་རྟའུ་ནས་རྒྱལ་བཅེས་དཔའ་བོ་བསྟན་འཛིན་རྒྱ་མཚོ་དང་། དེ་བཞིན་བོད་ཨ་མདོ་ཅོ་ནེ་ནས་རྒྱལ་གཅེས་དཔའ་མོ་སངས་རྒྱས་མཚོ་གཉིས་ཀྱིས་བོད་སྟན་སྲིད་རང་དབང་སླར་གསོའི་ཆེད་རང་ལུས་མེར་སྲེག་གནང་བར་གདུང་སེམས་མཉམ་བསྐྱེད་ཀྱང་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་སོང་། །
ས་གནས་གསར་འགོད་པ་བཀྲ་ཤིས་བདེ་ལེགས།