སྦེལ་རྗམ་དུ་འཇིགས་སྐུལ་གྱི་དོགས་ཡོད་མི་སྣ་འཛིན་བཟུང་།
སྦེལ་རྗམ་དུ་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་ཉེན་ཁའི་གནས་བབ་འོག དོགས་ཡོད་མི་སྣ་༢༡ ལྷག་འཛིན་བཟུང་བྱས་ཡོད་ནའང་། ཕེ་རི་སིར་གཏོར་རྒོལ་བྱེད་མཁན་གྱི་གཏེ་བོ་དོགས་ཡོད་མི་སྣ་སཱ་ལཱ་ཨཱ་རྡུ་སི་ལམ་(SalahAbdeslam) ཟེར་བ་སྦེལ་རྗམ་དུ་གབ་ཡོད་པར་རྩད་གཅོད་བྱེད་བཞིན་ཡོད་པ་ལས་ད་དུང་འཛིན་བཟུང་ཐུབ་མེད་པ་རེད།
ཧྥ་རན་སུའི་རྒྱལ་ས་ཕེ་རི་སི་རུ་འཇིགས་སྐུལ་དྲག་སྤྱོད་ཀྱི་གཏོར་རྒོལ་དོན་རྐྱེན་བྱུང་རྗེས་སྦེལ་རྗམ་(Belgium) རྒྱལ་ས་བྷུ་རུ་ཟལ་ (Brussels) ལ་ཡང་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་ཉེན་ཁ་ཆེན་པོ་ཆགས་པ་དང་། ལྷག་པར་ཕྱི་ཟླ་ ༡༡ པའི་ཚེས་ ༢༢ ནས་ཉིན་དྲུག་གི་རིང་ལ་གཏོར་རྒོལ་བྱུང་ཉེན་གྱི་ཚད་རིམ་ཨང་༤ པ་མཐོ་ཤོས་སུ་སླེབས་སྟེ། མང་ཚོགས་ཀྱི་བདེ་འཇགས་ཆེད་ཉིན་དྲུག་གི་རིང་རྒྱལ་སར་དམ་དྲག་ཆེན་པོ་བྱས་ཏེ། རིག་གནས་བྱ་འགུལ་ཡོད་ཚད་མཚམས་འཇོག་དང་། ཚོང་ར་དང་ས་འོག་མེ་འཁོར། སློབ་གྲྭ་སོགས་ཀྱང་སྒོ་བརྒྱབ་ཡོད་པ་རེད། དམག་མི་དང་ཉེན་རྟོག་པ་ཕོན་ཆེན་འགྲེམས་འཇོག་གིས་ཉིན་མཚན་མེད་པར་བྱ་ར་དང་སྲུང་སྐྱོབ་བྱས་པས་ས་གནས་ཀྱི་མང་ཚོགས་ལ་གཏོར་རྒོལ་གྱི་རྐྱེན་ངན་གང་ཡང་བྱུང་མེད་པ་རེད། སྦེལ་རྗམ་ནི་འཛམ་གླིང་གི་བདེ་འཇགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་ ༡༤ དེ་ཡང་ཡིན་ནའང་། དོན་རྐྱེན་དེ་དག་གི་ཁྲོད་ནས་ཚོང་རའི་དཔལ་འབྱོར་ཐད་ཉིན་རེར་ཡོ་སྒོར་ས་ཡ་༥༡.༧ གྱི་གྱོང་གུད་བྱུང་ཡོད་པ་རེད་འདུག །
ད་ལྟ་རྒྱལ་ས་བྷུ་རུ་ཟལ་གྱི་འཇིགས་སྐུལ་ཉེན་ཁའི་ཚད་རིམ་དེ་བྷེལ་རྗམ་རྒྱལ་ཡོངས་དང་གཅིག་མཚུངས་ཀྱིས་ཚད་རིམ་༣ པར་གནས་ཡོད་པ་དང་། རྒྱལ་སའི་གང་སར་བཀྲམས་ཡོད་པའི་ཉེན་རྟོག་པ་དང་དམག་མི། འཐབ་འཁོར་བཅས་རིམ་གྱིས་ཇེ་ཉུང་དུ་གཏོང་བཞིན་འདུག ས་གནས་ཀྱི་ས་འོག་མེ་འཁོར་ཞོགས་པའི་ཆུ་ཚོད་༦ པ་ནས་མཚན་མོ་ཆུ་ཚོད་༡༠ པར་འགྲོ་བཞིན་ཡོད་པ་དང་། རྒྱལ་སའི་ལྟེ་བར་དགུན་ཁའི་ཡ་མཚན་ཞེས་པའི་ཡེ་ཤུས་འཁྲུངས་སྐར་དུས་དྲན་གྱི་ཁྲོམ་ར་ཡང་དངོས་སུ་ཕྱེ་སྟེ། རྒྱལ་སའི་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འཛོམས་བཞིན་ཡོད་པ་རེད། ཡིན་ནའང་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་ཉེན་ཁར་ཚད་མཐོའི་དོགས་ཟོན་མུ་མཐུད་བྱ་དགོས་ཀྱི་ཡོད་པ་རེད།
འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་ཉེན་ཁའི་གནས་བབ་དེའི་འོག་དམིགས་བསལ་དོགས་ཡོད་མི་སྣ་གབ་སྡོད་བྱེད་སར་དོགས་པ་ཡོད་པའི་ས་གནས་ཁག་ཏུ་སྔོག་བཤེར་བྱས་པ་དང་། དོགས་ཡོད་མི་སྣ་༢༡ ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། ཡིན་ནའང་། ཕེ་རི་སིར་གཏོར་རྒོལ་བྱེད་མཁན་གྱི་གཏེ་བོ་དོགས་ཡོད་མི་སྣ་སཱ་ལཱ་ཨཱ་རྡུ་སི་ལམ་SalahAbdeslam ཟེར་བ་ད་དུང་འཛིན་ཐུབ་མེད་པས་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་ཡོད་པ་རེད།
ཉེན་ཁའི་ཚད་རིམ་ཨང་ ༤ པའི་ནང་དོན་ནི། ཉེན་ཁ་དེ་ཚབ་ཆེན་པོ་ཡིན་པས་མ་ཚད་བྱུང་གྲབས་ཡོད་པའི་གནས་བབ་ཛ་དྲག་ཞིག་ལ་ཟེར་བ་དང་། ཚད་རིམ་༣ པའི་ནང་དོན་ནི་ཉེན་ཁབ་ཚབ་ཆེན་པོ་ཡིན་པའི་དོན་རེད། འདས་པའི་གནས་ཚུལ་ནང་ཕྱི་ལོ་ ༢༠༠༧ གྱི་ནང་བྷེལ་ཇམ་ལ་འཇིགས་སྐུལ་དྲག་སྤྱོད་པའི་ཉེན་ཁའི་ཚད་རིམ་ཨང་༤ པར་སླེབས་མྱོང་ཡོད་འདུག །
རྒྱལ་ས་བྷུ་རུ་ཟལ་ནས་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ནས།