སྨན་པ་མེད་པའི་དཀའ་ངལ་དེ་དག་འཆར་ཅན་ལྟར་བརྩིས་ན་འཐུས་ཤོར་འགྲོ་ཡི་རེད།

ཟླ་འདིའི་ཚེས་ ༡ ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བཀྲ་ཤིས་ལྷུན་པོར་དད་ལྡན་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་བ་དང། མགོན་པོ་གང་ཉིད་སྐུ་ཚེ་ཡུན་དུ་བརྟན་ཕྱིར་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས་འདུག

2016-01-01-Lamrim-G12_OHH5053དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གཟིམ་ཆུང་ནས་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ། དགའ་ཤར་མཁན་རིན་པོ་ཆེ། བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གསར་པའི་བཞུགས་ཁྲིར་ཞབས་སོར་འཁོད་ཡོད་པ་རེད།

སྐབས་དེར་༸གོང་ས་མཆོག་གིས་སློབ་ཕྲུག་གཙོ་བོར་དམིགས་ཏེ་བཀའ་སློབ་ལམ་སྟོན་གནང་དོན། “དེ་རིང་ཕྱི་ལོའི་ལོ་གསར་འཁེལ་ཡོད་སྟབས། སློབ་ཕྲུག་ཁྱེད་རང་ཚོ་ཚང་མར་ཕྱི་ལོ་གསར་པར་འཚམས་འདྲི་ཡོད། སློབ་ཕྲུག་གཞོན་ནུ་ཁྱེད་རང་ཚོ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན། ཁྱེད་རང་ཚོའི་མི་རབས་དེ་དུས་རབས་ཉེར་གཅིག་པའི་མི་རབས་གསར་པ་ཞིག་ཆགས་ཡོད། ངོས་དང་ངོས་ཀྱི་ལོ་མཉམ་ཡིན་པ་རྣམས་དུས་རབས་ཉི་ཤུ་པའི་མི་རབས་ཆགས་ཡོད། ང་ཚོའི་དུས་རབས་ཉི་ཤུ་པ་དེ་ཡོལ་ཟིན་པ་རེད་ལ་ང་ཚོའང་དུས་ཚོད་ཡོལ་གྲབས་ཡོད། འཛམ་གླིང་འདི་བཞིན་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་འགྱུར་བ་ཞིག་འགྲོ་དགོས། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། འཛམ་གླིང་ཞི་བདེ་ལྡན་པ་ཞིག་དང་། ཁོར་ཡུག་ཞི་བདེ། ལུས་པོ་བདེ་ཐང་། སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ནང་གི་ཞི་བདེ་དང་། བྱམས་བརྩེར་ཐུག་ཡོད། དེང་སྐབས་ཚན་རིག་པ་ཚོས་བརྟག་ཞིབ་བྱས་པའི་གྲུབ་དོན་གྱི་ལམ་ནས་མིའི་ལྷན་སྐྱེས་བྱམས་པ་དང་བརྩེ་བས་ལུས་པོའི་འཕྲོད་བསྟེན་ལ་བཟང་ཕྱོགས་ཀྱི་ཕན་ཐོགས་ཀྱི་ཡོད་པ་དངོས་ཡོད་ར་འཕྲོད་ཀྱི་ལམ་ནས་བརྗོད་ཀྱི་ཡོད། ང་རང་ཚོའི་རིག་གཞུང་གཏིང་ཟབ་ཡོད་པ་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་བྱས་ནས་རྒྱུན་འཛིན་ཐུབ་པ་བྱུང་ན། བོད་མི་རིགས་ཙམ་མ་ཟད། རྒྱ་མི་རིགས་ས་ཡ་བྱེ་བ་མང་པོ་ལ་ཕན་ཐོགས་ཐུབ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་རེད། དེ་དང་དེས་མཚོན་པས་ཤར་ཕྱོགས་ཀྱི་ཡུལ་གྲུ་མང་པོར་ཕན་ཐོགས་རྒྱུ་ཡིན་པ་གསལ་པོ་རེད། འཛམ་གླིང་སྤྱི་ལ་ཡིན་ནའང་ཕན་ཐོགས་རྒྱུ་ཡིན་པ་རེད། དེར་བརྟེན་བོད་རིགས་ན་གཞོན་དང་སློབ་ཕྲུག་ཁྱེད་རང་ཚོ་མ་འོངས་བོད་ཀྱི་སོན་རྩ་ལྟ་བུ་ཡིན་པས་ད་ལྟ་སློབ་སྦྱོང་བྱེད་རྒྱུ་དོ་སྣང་བྱས་ནས་ཤུགས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སློབ་ཕྲུག་ཁྱེད་རང་ཚོས་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ད་ལྟ་ང་ཚོས་འབད་བརྩོན་བྱས་པ་ཡིན་ན་དུས་རབས་ཉི་ཤུ་རྩ་གཅིག་སྨད་ཆར་ཞི་བདེ་ཡོང་བ་ཞིག་དང་། ཞི་བདེ་ཟེར་བ་འདི་རྩ་བ་གཞན་ལ་བརྩེ་བ་ཡོད་པ་དང་། གཞན་གྱི་སྲོག་ལ་བརྩི་བཀུར་ཡོད་པ་དེ་འདྲ་ཞིག་བྱུང་ན་ཞི་བདེ་ཡོང་གི་རེད། གཞན་གྱི་བདེ་སྡུག་ལ་ཡལ་བར་དོར་བ། ཁྱད་དུ་བསད་པ་སོགས་དེ་འདྲ་བྱས་པ་ཡིན་ན་ཞི་བདེ་ཡོང་མི་ཐུབ། དེར་བརྟེན་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་དེ་རེ་བ་ཡོད་ས་དེ་ཆགས་ཡོད་”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་སློབ་མ་ཚོར་མུ་མཐུད་བཀའ་སློབ་གནང་དོན། “ངོས་ཀྱིས་གཞི་རྩའི་འགྲོ་བ་མིའི་རང་བཞིན་དེ་བཟང་པོའི་རང་བཞིན་ཡིན་པ་ཞིག་ལ་ཡིད་ཆེས་ཡོད་ཐོག དེའི་སྒང་ལ་ཚན་རིག་པ་ཚོས་ཕྲུ་གུ་ཆུང་ཆུང་གནས་སྐབས་སུ་གཅིག་གིས་གཅིག་ལ་ཕན་ཐོགས་ཀྱི་བསམ་བློ་ཡོད་པ་དང་། གཞན་ལ་གནོད་པ་བསྐྱལ་རྒྱུའི་བསམ་པ་ལ་དོགས་ཟོན་བྱས་པ་དང་། ལྷག་པར་ཚན་རིག་པ་ཚོས་ཁོང་ཁྲོ་དང་འཇིགས་སྣང་དེ་ཚོས་མིའི་ལུས་པོའི་འཕྲོད་བསྟེན་ལ་གནོད་པ་བསྐྱལ་གྱི་ཡོད་པ་བརྟག་དཔྱད་ཞིབ་འཇུག་བྱས་པའི་ལམ་ནས་ར་འཕྲོད་བྱུང་ཐུབ་ཡོད་པ་སོགས་ཀྱི་བརྟག་དཔྱད་རིམ་པ་བྱས་པ་བརྒྱུད་ནས་འགྲོ་བ་མིའི་རང་བཞིན་དེ་བཟང་པོའི་རང་བཞིན་ཡིན་པ་ཞིག་ངོས་འཛིན་ཐུབ་ཡོད་པར་བརྟེན། ངོས་ཀྱིས་ཕུགས་ལ་རེ་བ་རྒྱག་ས་ཞིག་ཡོད་པ་མཐོང་གི་འདུག་”ཅེས་བཀའ་སློབ་གནང་།

༸གོང་ས་མཆོག་གིས་འཕྲོད་བསྟེན་དང་འབྲེལ་ནས་བཀའ་སློབ་གནང་དོན། “མི་ཚེ་དོན་དང་ལྡན་པ་ཞིག་བྱུང་བ་ཡིན་ན་ཚེ་རིང་དུ་གནས་པ་ཡིན་ནའང་རང་གཞན་ཀུན་ལ་ཕན་རྒྱུ་ཞིག་ཡོང་ངེས་རེད། དེ་འདྲ་ཡིན་པར་བརྟེན་ཚེ་དབང་ཞུས་པ་དང་ཆབས་གཅིག་མི་ཚེ་བཟང་པོ་ཞིག་ལ་བསྐྱལ་རྒྱུའི་བསམ་བློ་གཏོང་དགོས།

གཞིས་ཆགས་ནང་གི་གཞིས་མི་ཚོར་དེ་སྔ་འགོ་སྟོད་སྨན་ཁང་གི་མཐུན་རྐྱེན་ཐད་རོགས་བྱས་ནས་སྨན་ཁང་ཡོད་ནའང་སྨན་ཁང་ནང་སྨན་པ་སོགས་ཀྱི་མ་འདང་པ་དེ་འདྲ་ཡོང་གི་འདུག ཁ་སང་ཧུན་སུར་དུའང་སྨན་ཁང་ཡོད་པ་གང་ཞིག་སྨན་ཁང་ནང་སྨན་པ་སོགས་མཐུན་འགྱུར་མ་འདང་བ་ཡོད་ལུགས་བཤད་ཀྱི་འདུག འཆར་ཅན་འཆར་ཅན་ཞེས་བརྗོད་ནས་མ་བཞག་པར་དེ་ཚོའི་རིགས་གལ་ཆེ་དོན་ཆེར་བརྩི་དགོས་པ་རེད། དེ་བཞིན་སློབ་གྲྭ་ཡིན་ན་སློབ་གྲྭའི་དགེ་རྒན་ཚོས་སློབ་ཕྲུག་འཕྲོད་བསྟེན་སྐོར་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནད་ན་ཚ་བྱུང་བའི་རྗེས་སུ་ཕུ་བརྒྱབ་རོགས་ཟེར་བ་དེ་རིགས་ཕྱིས་དྲགས་པ་རེད། བཅོས་ཐབས་དེ་ཙམ་བྱེད་རྒྱུ་མེད་པ་རེད། སྤྱོད་ལམ་བསྲུང་རྒྱུ་དང་། ཟས་འཕྲོད་ལ་བལྟས་ནས་སྔ་ས་ནས་སྔོན་འགོག་བྱ་རྒྱུ་དེ་གལ་ཆེན་པོ་རེད། ལུས་པོ་བདེ་ཐང་ཡོང་བར་དོ་སྣང་བྱེད་དགོས་པ་རེད་”ཅེས་སློབ་གྲྭའི་ཆོས་དགེ་རྣམས་ནས་སློབ་ཕྲུག་ཚོར་ནང་ཆོས་སློབ་ཁྲིད་ཡག་པོ་གནང་གལ་ཆེ་སྐོར་གྱི་བཀའ་སློབ་གནང་བ་དང་། དད་ལྡན་མང་ཚོགས་ལ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཚེ་དབང་བསྩལ་བ་དང་། དེ་རྗེས་ལམ་རིམ་གོ་སྒྲིག་ཚོགས་ཆུང་དང་ལྷོ་གཞིས་ཁག་བཅས་ཐུན་མོང་གིས་༧གོང་ས་མཆོག་ལ་མཁའ་འགྲོའི་བསུན་བཟློག་གི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་ཏེ། ཐེངས་འདིའི་ལྷོ་ཕྱོགས་ཁུལ་དུ་ཆོས་འབྲེལ་གྱི་མཛད་འཕྲིན་ལེགས་པར་གྲུབ་སྟེ། ཕྱི་ཚེས་༢ ཉིན་སྦེང་ལོར་དུ་ཆིབས་ཞལ་བསྒྱུར་ཡོད་པ་རེད།།