སྨན་རྩིས་ཁང་གི་མིང་ཐོག་ནས་སྨན་རྫུན་ཚོང་སྒྱུར་བྱེད་མཁན་འདུག་ཟེར།

བོད་ཀྱི་སྨན་རྩིས་ཁང་གི་མིང་ཐོག་ནས་བོད་སྨན་རྣ་ཐོས་ལ་བརྒྱུད་བོད་ནང་ཚོང་འགྲེམས་ཀྱི་ཆེད་དུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པས། དེར་རྩད་ཞིབ་བྱེད་བཞིན་པ་ཡིན་ལ། སྨན་རྩིས་ཁང་གི་སྨན་ཡིན་ཞེས་རྫུན་བཟོས་ཚོང་སྒྱུར་ར་འཕྲོད་བྱུང་ཚེ། བརྡ་ལན་གནང་རོགས་ཞེས་ཞེས་ཟླ་འདིའི་ཚེས་༡༢ ཉིན་གསལ་བསྒྲགས་ཤིག་བོད་ཀྱི་སྨན་རྩིས་ཁང་གིས་སྤེལ་ཡོད་པ་རེད།

དེ་ཡང་གསལ་བསྒྲགས་དེའི་ནང་འཁོད་དོན། “ དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་སྨན་དང་། གསོ་རིག་ཐོན་དངོས་གཞན་རྣམས་དེ་སྔ་ལས་ཁྱོན་འབོར་གང་འཚམ་ཆེ་བ་འདོན་སྤེལ་བྱེད་ཀྱི་ཡོད་ནའང་། སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་སྔར་ལས་མང་དུ་ཕྱིན་པ་དང་། དེ་དག་ནང་བསྟེན་གཏུགས་བྱེད་མཁན་ནད་པ་མང་དུ་སོང་བ། ཕྱིའི་རྒྱལ་ཁབ་ཁག་ཏུ་སྐོར་བསྐྱོད་བཅས་ཀྱི་རྐྱེན་པས། སྨན་རྩིས་ཁང་གི་སྨན་གྱི་འགྲོ་ཤུགས་ཧ་ཅང་ཆེ་རུ་སོང་ཡོད་སྟབས། འདི་གར་སྨན་རིགས་མི་འདང་པའི་དཀའ་ངལ་ཡང་ཡང་འཕྲད་བཞིན་ཡོད་པས། གཞན་ལ་ལ་ཚོང་སྒྱུར་བྱ་རྒྱུ་དེ་བས་ག་ལ་ཡོད་”ཡོད་ཅེས་འཁོད་འདུག

བོད་ནང་དུ་བོད་ཀྱི་སྨན་རྩིས་ཁང་གི་མིང་ཐོག་ནས་སྨན་ཚོང་སྒྱུར་བྱེད་ཀྱི་ཡོད་སྐོར་འཁོད་དོན། “སྨན་རྩིས་ཁང་གི་སྨན་དང་ཐོན་དངོས་བཅས་ལ་མང་ཚོགས་ནས་གདེང་འཇོག་དང་ཡིད་ཆེས་ཚད་མཐོར་གནང་བཞིན་བའི་དུས་སྐབས་སུ། ངོ་ཚ་ཁྲེལ་གཞུང་མེད་པ་དཔལ་འབྱོར་ཁོ་ན་ལས་བསམ་མི་ཐུབ་པ་འགའ་ཞིག་གིས། སྨན་རྩིས་ཁང་གི་སྨན་སྦྱོར་ཁང་ནས་བཟོ་སྐྲུན་མ་བྱས་པའི་བོད་སྨན་རིགས་གཅིག་སྨན་རྩིས་ཁང་གི་སྨན་ཡིན་ཁུལ་བཤད་དེ། སྨན་རྩིས་ཁང་གི་མིང་བེད་སྤྱོད་ལོག་པ་གཏོང་ནས་རྣ་ཐོས་ལ་བརྒྱུད་བོད་ནང་ཚོང་འགྲེམས་ཀྱི་ཆེད་དུ་གཏོང་གི་ཡོད་པའི་གནས་ཚུལ་འདུག་”ཅེས་འཁོད་འདུག

གསལ་བསྒྲགས་དེའི་ནང་གནས་ཚུལ་དེ་རྩད་ཞིབ་དགོས་སྐོར་འཁོད་དོན། “དེའི་ཐད་འདི་ནས་རྩད་ཞིབ་བྱེད་བཞིན་པ་ཡིན་ལ། སྨན་རྩིས་ཁང་གི་སྨན་ཡིན་ཞེས་རྫུན་བཟོས་ཚོང་སྒྱུར་ར་འཕྲོད་བྱུང་ཚེ། འདི་ག་སྨན་རྩིས་ཁང་གི་ཡིག་ཚང་དུ་བརྡ་ལན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ནི་རང་ངམ་རང་གི་ཕ་མ་གཉེན་ཚན་སོགས་ཀྱི་འཕྲོད་བསྟེན་དང་ཐད་ཀར་འབྲེལ་བའི་ཚབས་ཆེ་བའི་བསླུ་བྲིད་ཀྱི་གནས་ཚུལ་ཞིག་ཡིན་པར་བརྟེན་ཚང་མས་དོགས་ཟོན་གནང་དགོས་གལ་ཆེན་པོ་ཡིན་པ་མ་ཟད། བོད་ཕྱི་ནང་གཉིས་ཀྱི་བོད་རིགས་རྒྱ་ཆེ་མང་ཚོགས་ནས་ཐུགས་སྣང་ཆེར་སྐྱེད་ཀྱིས་དུས་རྒྱུན་དུ་སྨན་རྩིས་ཁང་གི་སྨན་ཡིན་ཁུལ་གྱི་ཚོང་སྒྱུར་བྱེད་མཁན་རྣམས་ལ་དེ་མ་ཐག་ཡིད་ཆེས་མ་གནང་བར་རྩད་ཞིབ་བརྟག་དཔྱད་ངེས་པར་གནང་རོགས་ཞེས་ནན་ཏན་དུ་ཞུ་རྒྱུ་”ཞེས་འཁོད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།