སྨིན་གྲོལ་གླིང་དང་རྒྱུད་སྟོད་གྲྭ་ཚང་ནས་རྒྱ་གར་གཞུང་མང་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ།

ཏོག་དབྱིབས་ནད་དུག་དང་འབྲེལ་ནས། སྨིན་གྲོལ་གླིང་གི་དགོན་སྡེ་གསུམ་གྱིས་རྒྱ་གར་མངའ་སྡེ་གསུམ་གྱི་སྤྱི་ཁྱབ་བློན་ཆེན་ངལ་སེལ་ཐེབས་རྩར་ཞལ་འདེབས་གནང་ཡོད་པ་དང་། རྒྱུད་སྟོད་གྲྭ་ཚང་གིས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཞལ་འདེབས་གནང་འདུག

ཟླ་༤ པའི་ཚེས་༡༡ ཉིན་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་དོན་གྲུབ་གླིང་དུ་ཆགས་པའི་སྨིན་གྲོལ་གི་དགོན་སྡེ་ངེས་དོན་དགའ་ཚལ་གླིང་གིས། ཨུ་ཏར་ཀན་ཌ་མངའ་སྡེའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་དང་འབྲེལ་བའི་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་༡༠ ཞལ་འདེབས་གནང་བ་དང་སྦྲགས། རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་། དེ་བཞིན་འཕྲོད་བསྟེན་ལས་བྱེད་དང་གཞུང་གི་ལས་བྱེད་སོགས་ཚང་མའི་ལས་དོན་ལ་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུས་འདུག དེ་བཞིན་ཚེས་༡༢ ལ་རྒྱ་གར་བྱང་ཤར་མངའ་སྡེ་འབྲས་ལྗོངས་སུ་ཡོད་པའི་འབྲས་ལྗོངས་ཨོ་རྒྱན་སྨོན་གྲོལ་གླིང་གིས། མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གསུམ་དང་། ནུབ་བྷེང་གྷལ་དུ་ཡོད་པའི་ཨོ་རྒྱན་སྨིན་གྲོལ་བསམ་གཏན་གླིང་གིས། མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་གསུམ་ཞལ་འདེབས་གནང་འདུག

 

དེ་བཞིན་ཚེས་༡༥ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས། ཧི་མ་ཅཱལ་མངའ་སྡེའི་ཏོག་དབྱིབས་ནད་དུག་འཐབ་རྒོལ་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ། ཧིན་སྒོར་འབུམ་གསུམ་ཞལ་འདེབས་གནང་འདུག །

 

 

 

 

གསར་འགོད་པ་སྐལ་བཟང་དོན་གྲུབ།