སྨུག་ཀློང་ཁྲོད་ནས་མེ་ཏོག་ལ་བལྟ་བ།

 ནམ་མཁའ

རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧོའུ་ཅིན་ཐའོ། གུང་ཁྲན་ཏང་གི་མནའ་མ་དབང་མེད་ཅིག་བྱས་ཏེ་ལོ་བཅུ་བསྐྱལ་བ་དང་། དེ་རིང་གི་སྲིད་འཛིན་ཞིན་ཅིན་ཕེན་གྱིས་དབང་ཆ་གཅིག་སྡུད་ཀྱི་ལོ་གསུམ་རིང་། རྒྱ་ནག་གི་འགྱུར་ལྡོག་ལ་ཅུང་ཟད་དཔྱད་དེ་བསམ་ཚུལ་འགའ་འབྲི་འདོད་སྐྱེས།

ཧོའུ་ཅིན་ཐའོ་རྒྱ་ནག་མི་དམངས་ལ་མཚོན་ནས་བཤད་ན་བྱས་རྗེས་ཆེན་པོ་ཞིག་མེད་མོད། འོན་ཀྱང་གུང་ཁྲན་ཏང་གི་ལྟ་བ་མཁྲེགས་འཛིན་པ་ཚོ་མཚོན་ནས་བཤད་ན། གྲངས་ཉུང་མི་རིགས་བོད་དང་ཡུ་གུར་སོག་པོ་སོགས་གསུམ་ལ་སྡང་ཟིག་གིས་དྲག་མནོན་བྱས་པ་དེ། བྱས་རྗེས་སུ་བགྲངས་ཡོད་ངེས་རེད།

དང་པོ།

གང་ལྟར་ཡང་དེ་རིང་འདིར་འབྲི་འདོད་པ་ནི། སྲིད་འཛིན་ཞིན་ཅིན་ཕེན་གྱིས་ལྐོག་ཟ་རུལ་སུངས་ལ་ཁ་གཡར་ཞོར། ཁོ་རང་གི་མི་མཐུན་ཕྱོགས་ཡོངས་སྟག་དང་སྦྲང་མ་མཉམ་གསོད་བྱས་ཏེ། ཁོ་རང་གུང་ཁྲན་ཏང་གི་མནའ་མ་དབང་མེད་ཅིག་མ་བྱས་པར་དབང་ཆ་གཅིག་སྡུད་བྱས་ཐུབ་ཡོད། དབང་ཆ་གཅིག་སྡུད་བྱས་པའི་ལོ་གསུམ་རིང་གི་བཟང་ཕྱོགས་ཀྱི་འགྱུར་བ་ལ་བལྟ་རྒྱུ་དེ་ཡིན། ཕྲན་གྱིས་བཟང་ཕྱོགས་ཀྱི་འགྱུར་བ་ལ་བལྟ་སྟངས་འདི་ཡང་།  ཆར་ཞོད་ཀྱི་སྨུག་ཀློང་ཁྲོད་ནས་མེ་ཏོག་ལ་བལྟ་བ་དང་གཅིག་མཚུངས་ཡིན་སྲིད་མོད།  འོན་ཀྱང་སྲིད་འཛིན་ཞིས་ཅིན་ཕེན་གྱིས་དབང་ཆ་བཟུང་སྟེ། ལོ་གཅིག་ཙམ་འཁོར་རྗེས་ཀྱི་༣/༢༠༡༤ ནང་ཧྥ་རན་སི་ལ་ཕེབས་ཏེ། ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་བྱས་ཡོད་པ་དེ། རྒྱ་ནག་མི་དམངས་ཀྱི་ཀུན་སྤྱོད་ཀྱི་དཀའ་ངལ་འདི། ནང་པའི་ཆོས་ཀྱི་བག་ཆགས་ཅུང་ཟད་ཡོད་པ་དེས་སེལ་ཐུབ་པའི་རེ་བ་ཡོད་ཅེས་བཤད་ཡོད།

སྤྱིར་བཏང་གཏམ་བཤད་འདི་ནི་ནང་པའི་རྒྱལ་ཁབ་ཅིག་ལ་མཚོན་ནས་བཤད་ན་ཧ་ལས་དགོས་པ་ཞིག་མིན་མོད། འོན་ཀྱང་ཆོས་ཁས་མི་ལེན་པའི་དམར་ཕྱོགས་ཀྱི་མགོ་ཁྲིད་ཞིག་ལ་མཚོན་ནས་བཤད་ན། ཅུང་ཟད་བཟང་ཕྱོགས་སུ་འགྱུར་བ་འགྲོ་བཞིན་པའི་རྣམ་པ་ཞིག་མཚོན་ཐུབ། སྲིད་འཛིན་ཞིས་ཀྱི་གཏམ་བཤད་འདི་ནི། རྒྱ་ནག་རྒྱལ་ཁབ་ཆོས་ཁས་མི་ལེན་པའི་ལྷ་མེད་སྨྲ་བའི་སྲིད་གཞུང་ཞིག་ཏུ་བསྒྱུར་བ་ནས་བཟུང་། གུང་ཁྲན་ཏང་གི་མགོ་ཁྲིད་ཅིག་གིས་ནང་པའི་ཆོས་ལ་རིན་ཐང་ཅུང་ཟད་སྤྲད་དེ། འཛམ་གླིང་སྟེང་ཡོངས་ཁྱབ་གཏམ་བཤད་འདི་འདྲ་བྱས་པ་ཐོག་མ་ཡིན་སྲིད། མ་ཟད་སྲིད་འཛིན་ཞིས་ཀྱི་གཏམ་བཤད་འདིས་ཁོ་རང་གི་སེམས་སུ་ནང་པའི་ཆོས་ལ་ལྟ་སྟངས་ཅི་འདྲ་ཞིག་བཟུང་ཡོད་པ་ཡང་མཚོན་ཐུབ།

གཉིས་པ།

ལོ་འདིའི་༡༢/༦/༢༠༡༥ ཉིན་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་ཞི་བདེ་གཟེངས་རྟགས་བཞེས་མྱོང་བའི། འབར་མ་མི་དམངས་ཀྱི་རང་དབང་འཐབ་རྩོད་པ་ཨང་སིན་སུའུ་སྐྱིད་ལ་མཇལ་འཕྲད་གནང་ཡོད། སྐབས་དེར་སྲིད་འཛིན་ཞིས་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་མོལ་བྱུང་མེད་ན་ཡང་། ཨང་སན་སུའུ་སྐྱིད་ནི་དམར་ཕྱོགས་ཚོགས་པའི་འགལ་ཟླར་ལངས་ཏེ། འབར་མ་མི་དམངས་ཀྱི་ཐོབ་ཐང་དང་རང་དབང་འཐབ་རྩོད་པ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར། གལ་ཏེ་སྲིད་འཛིན་ཞིས་ཁོ་རང་གི་སེམས་སུ་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་མཐོང་ཅུང་ཟད་མེད་ཚེ། འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཨང་སན་སུའུ་སྐྱིད་ལ་སྲིད་འཛིན་ཞིས་ཁོ་རང་མཇལ་འཕྲད་མ་གནང་བར། ཁོའི་འོག་གི་ཕྱི་འབྲེལ་བཀའ་བློན་སོགས་ལ་མཇལ་འཕྲད་གནང་ན་མ་འགྲིག་པ་ཅི་ཡང་མེད་མོད། འོན་ཀྱང་སྲིད་འཛིན་ཞིས་ཁོ་རང་ཡོངས་གྲགས་སུ་མཇལ་གནང་བ་དེས་འཛམ་གླིང་སྟེང་ཅུང་ཟད་བག་ཆགས་བཟང་པོ་ཞིག་བཞག་ཡོད་པས། རྒྱ་ནག་གི་སྲིད་འཛིན་ཞིས་ཀྱི་སེམས་ཀྱི་ཤུགས་སུ་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ་ཟེར་བ་དེར་དོ་སྣང་ཅུང་ཟད་ཡོད་པ་མཚོན་ཐུབ་ཡོད་སྙམ།

༢༠༡༥/༡༡/༧ ཉིན་འཛམ་གླིང་གི་གསར་འགྱུར་སྟེང་ཚ་ཚ་འུར་འུར་ཞིག་བྱུང་ཡོད་པ་རེད། དེ་ནི་གཞན་ཞིག་མ་ཡིན་པར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕེན་དང་། ཐེ་ཝན་གྱི་སྲིད་འཛིན་མ་ཡོན་ཅུའུ་གཉིས་སངྒ་པུར་གྱི་ཤམ་བྷ་ལའི་མགྲོན་ཁང་ནང་། འཛམ་གླིང་གི་གསར་འགོད་པ་༦༠༠ ལྷག་གི་སར་མཇལ་འཕྲད་གནང་བ་དེ་རེད།

མཇལ་འཕྲད་འདི་ནི། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་མགོ་ཁྲིད་༡༩༤༩ ལོའི་རྗེས་ནས་བཟུང་། མཇལ་འཕྲད་གནང་བ་ཐོག་མ་དེ་ཡིན། མཇལ་འཕྲད་གནང་སྟངས་དེ་ཡང་། ཕྱོགས་གཉིས་ཀྱི་སྲིད་འཛིན་གྱི་མིང་ཐོག་ནས་མཇལ་འཕྲད་གནང་མེད་མོད། འོན་ཀྱང་འཛམ་གླིང་ཐུན་མོང་གི་ཁས་ལེན་ཡོད་པའི་སྲིད་འཛིན་ནི་རྒྱ་ནག་སྐམ་ས་ཆེན་མོའི་སྲིད་འཛིན་གྱི་མིང་དེ་ཡིན། མི་ཚང་མ་ཡ་མཚན་ས་ནི། ཁོང་གཉིས་ཀྱིས་ལག་འཇུ་བྱས་ཏེ་སྐར་ཆ་གཅིག་རིང་བསྡད་པ་དེ། འཛམ་གླིང་གི་གསར་འགོད་པ་མང་པོ་ཡ་མཚན་བྱུང་ཡོད།

དེ་འདྲ་ཡིན་སྲིད་པ་རེད། རྒྱུ་མཚན་ནི། སྲིད་འཛིན་ཞིས་ཀྱིས་གླེང་མོལ་སྐབས་སུ། ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་ཀྱི་འབྲེལ་བ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་མིན་ལ། མི་རིགས་དང་མི་རིགས་བར་གྱི་འབྲེལ་བ་ཡང་མ་ཡིན་པར། མི་རིགས་གཅིག་དང་ཁྲག་རྒྱུན་གཅིག་པའི་བར་གྱི་འབྲེལ་བ་ཡིན་ཞེས་བཤད་ཡོད། ཡིན་ཡང་མཇལ་འཕྲད་འདིའི་མཇུག་འབྲས་ད་རུང་བཤད་དཀའ་བ་ཞིག་ཡིན།

ང་རང་ཡ་མཚན་དང་དོ་སྣང་བྱུང་ས་ཞིག་ནི། རྒྱ་ནག་སྐམ་ས་ཆེན་མོའི་སྲིད་འཛིན་ཞིས་ཀྱིས་སྐེ་མདུད་དམར་པོ་བརྒྱབ་ཡོད་པ་དང་། ཐེ་ཝན་གྱི་མ་ཡོན་ཅུའུ་ཡིས་སྐེ་མདུད་སྔོན་པོ་ཞིག་བརྒྱབ་ཡོད་པ་དེ་རེད། ཁོ་གཉིས་ཀྱི་སྐེ་མདུད་ཀྱི་ཁ་མདོག་དེའི་སོ་སོའི་ལུང་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་བསྟན་འདུག་སྙམ། གང་ལྟར་ལོ་ངོ་༦༠ ལྷག་གི་རྗེས་སུ་གོ་མིན་ཏང་དང་གུང་ཁྲན་ཏང་གི་མགོ་ཁྲིད་གཉིས་མཇལ་འཕྲད་གནང་བ་འདིས་ཅུང་ཟད་གུ་ཡངས་ཀྱི་རྣམ་པ་ཞིག་མཚོན་ཐུབ་ཡོད།

འདིར་དྲི་བ་ཞིག་ལྷག་ཡོད་པ་ནི། ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས་ཐེ་ཝན་གྱི་སྲིད་གཞུང་བཟུང་ཡོད་ཚེ། སྲིད་འཛིན་ཞིས་མཇལ་འཕྲད་གནང་འདོད་ཡོད་དམ།  གང་ལྟར་ན་ཡང་། ཐེ་ཝན་དང་བོད་སོག་ཡུར་གསུམ་སོགས་མི་འདྲ་ས་ཆེན་པོ་ཞིག་ཡོད་པ་ནི། ཐེ་ཝན་རྒྱ་ནག་དམར་ཕྱོགས་ཚོགས་པའི་བཟུང་ཐུབ་མེད་པ་དེ་རེད། ཐེ་ཝན་ལ་འཛམ་གླིང་སྟེང་རྒྱལ་ཁབ་ཅིག་གི་རྐུབ་སྟེགས་ཡོད་མེད་དང་། ཐེ་ཝན་གྱི་སྒོ་བྱང་བརྗེ་བོ་བརྒྱབ་སྟེ་རྒྱལ་ཁབ་ཅིག་ལ་ངོས་འཛིན་ཙམ་མ་གཏོགས་རྒྱ་ནག་གིས་སྟངས་འཛིན་བྱེད་མི་ཐུབ་པ་རེད།

གསུམ་པ།

ཧོའུ་ཡོ་པང་རྒྱ་ནག་གི་མགོ་ཁྲིད་སྐབས་སུ། བོད་ལུང་པར་གཟིགས་སྐོར་ལ་ཕེབས་མྱོང་ཡོད་པ་མ་ཟད། བོད་ལྟ་བུ་གྲངས་ཉུང་མི་རིགས་ལ་ལྟ་སྟངས་ཆེས་གུ་ཡངས་གནང་མཁན་ཞིག་ཡིན་པས། གུང་ཁྲན་ཏང་གི་མགོ་ཁྲིད་ཏིན་ཞོ་ཕིན་གྱིས་༡༩༨༧ ལོར་ཧོའུ་ཡོ་པང་མགོ་ཁྲིད་ནས་གནས་དབྱུང་བཏང་བ་མ་ཟད་ལོ་གཉིས་ཀྱི་རྗེས་ཁོང་སྐུ་གཤེགས། ཡིན་ཡང་རྒྱ་ནག་མི་དམངས་ཀྱིས་ཁོའི་ཆབ་སྲིད་ཀྱི་ལངས་ཕྱོགས་རང་དབང་གི་ལམ་ཁར་བསྐྱོད་མཁན་ཞིག་ཡིན་པ་ཤེས་ཡོད་པས། ༡༩༨༩ ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཡི་མདུན་ཐང་ནས་མྱ་ངན་གྱི་ཚོགས་འདུ་ཚོགས་པ་དང་། དེ་དང་བསྟུན་ནས་༦/༤ དོན་རྐྱེན་བྱུང་བ་རེད།  ཧོའུ་ཡོ་པང་གུང་ཁྲན་ཏང་གི་གོ་གནས་ནས་གནས་དབྱུང་བཏང་བ་ནས་བཟུང་། ཧོའུ་ཡོ་པང་ལ་དཀར་འདོན་བྱེད་མཁན་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཚོ་ལས། ད་བར་དུ་གུང་ཁྲན་ཏང་གི་གཞུང་འབྲེལ་གྱི་ངོས་ནས་ཁོ་རང་གི་ལངས་ཕྱོགས་ལ་དཀར་འདོན་བྱས་མྱོང་མེད།

འོན་ཏེ།  དེ་རིང་གི་སྲིད་འཛིན་ཞིན་ཅིན་ཕེན་གྱིས་༢༠༡༥ ལོའི་ཕྱི་ཟླ༡༡ ཚེས༢༣ ཉིན། ཧོའུ་ཡོ་པང་འཁྲུངས་ནས་ལོ་༡༠༠འ ཁོར་བའི་མཛད་སྒོ་རྒྱ་ཆེན་ཞིག་ཚོགས་་པ་མ་ཟད། ཁོས་དེའི་སྟེང་གཏམ་བཤད་བྱས་ཏེ། ཧོའུ་ཡོ་པང་ལ་ནག་ཉེས་མེད་ཚུལ་བཤད་ནས་བསྟོད་བསྔགས་ཆེན་པོ་བྱས་ཡོད་པའི་ནང་། ཧོའུ་ཡོ་པང་ནི་རང་དབང་ལ་དགའ་མོས་ཡོད་ཚུལ་སོགས་བཤད་ཡོད་པ་རེད། སྲིད་འཛིན་ཞིས་ཀྱི་གཏམ་བཤད་འདི་ལ་བརྟེན་ནས། དང་པོར་ང་ཚོས་བསམ་གཞིགས་གཏོང་དགོས་པ་དང་། ཤེས་དགོས་བའི་དྲི་བ་འགའ་ཡོད་པ་དེ་རེད། སྲིད་འཛིན་ཞིས་ཀྱིས་བཤད་པའི་གཏམ་བཤད་འདིས་ཤུགས་སུ་ཅི་ཞིག་བསྟན་གྱི་ཡོད་དམ། ཧོའུ་ཡོ་པང་ལ་ནག་ཉེས་འཛུགས་མཁན་དེ་སུ་ཡིན་ནམ། ནག་ཉེས་ཅི་ཞིག་བཙུགས་ཏེ་གོ་གནས་ནས་གནས་དབྱུང་བཏང་བ་རེད་དམ། དྲི་བ་འདི་དག་ང་ཚོས་ཤེས་དགོས་པ་ཞིག་རེད་འདོད།

ཧོའུ་ཡོ་པང་ལ་ནག་ཉེས་བཙུགས་ཏེ་གནས་དབྱུང་གཏོང་མཁན། གུང་ཁྲན་ཏང་གི་མགོ་ཁྲིད་ཏིན་ཞོ་ཕེན་ཡིན་ལ། ནག་ཉེས་ཡང་བོད་དང་གྲངས་ཉུང་མི་རིགས་སོགས་རྒྱ་ནག་རྒྱལ་ཡོངས་རང་དབང་གི་ལམ་ཁར་བསྐྱོད་པར་སྐུལ་འདེད་བྱས་པ་དེ། ཁོ་རང་གི་ནག་ཉེས་སུ་བཙུགས་པ་རེད། ཡིན་ཡང་དེ་རིང་སྲིད་འཛིན་ཞིས་ཀྱིས་ཧོའུ་ཡོ་པང་ལ་བཀལ་བའི་ནག་ཉེས་དང་། ནག་ཉེས་བཙུགས་མཁན་གྱི་མི་དེའི་ལམ་ཕྱོགས་ཀྱི་ལྡོག་ཟླར་སོང་སྟེ། ཧོའུ་ཡོ་པང་གིས་ནག་ཉེས་བཟོས་མྱོང་མེད་ཅེས་བཤད་པ་དེས་ཅི་ཞིག་མཚོན་ཐུབ་ཡོད།

ཕྲན་གྱིས་བསམ་ཚུལ་བྱས་ན། སྲིད་འཛིན་ཞིས་འདི་ཧོའུ་ཡོ་པང་གི་ལམ་ཁར་བསྐྱོད་འདོད་ཡོད་པ་གསལ་བོར་རེད་སྙམ། དེ་མིན་གུང་ཁྲན་ཏང་གི་དབང་འཛིན་པ་གཉིས་པ་ཏིན་ཞོ་ཕིན་གྱིས། ཧོའུ་ཡོ་པང་ལ་གཡོགས་པའི་ནག་ཉེས་ཀྱི་ཞྭ་མོ་དེ་ཕུད་པའི་སྙིང་སྟོབས་དང་། བསམ་བློ་འཁོར་མི་ཐུབ་པ་ཞིག་རེད།  ཧོའུ་ཡོ་པང་གི་རྗེས་ནས་ཀྲོ་ཙི་དབྱངས་སྲིད་འཛིན་ལ་བསྐོ་བཞག་བྱས་པ་རེད། དེ་ཡང་༨༩ ལོའི་༦/༤ དོན་རྐྱེན་སྐབས་ཁོས་སློབ་ཕྲུག་ཚོར་རྒྱབ་སྐྱོར་བྱས་པ་དང་བསྟུན། ཁོ་རང་ཡང་བཙོན་ཁང་ནང་འགྲོ་དགོས་བྱུང་བ་མ་ཟད། འགྲོ་འདུག་སྡོད་གསུམ་ཅི་ཡང་མེད་པར་ཚེ་ལས་འདས་ཡོད།

ཀྲོ་ཙི་དབྱངས་ཀྱི་རྗེས་ནས་ཅང་ཙེ་མེན་གྱིས་བཟུང་སྟེ། ལོ་རབས་༨༠ ནང་གི་གུ་ཡངས་ལས་བརྒལ་ཏེ། དམ་དྲག་ཆེ་རུ་བཏང་བ་མ་ཟད། རྩ་རླུང་འཕྲུལ་འཁོར་སྒོམ་སྒྲུབ་པ་ཚོར་དྲག་གནོན་ཤུགས་ཆེན་བྱས་ཡོད། ཅང་གི་རྗེས་ནས་གུང་ཁྲན་ཏང་གི་མནའ་མ་དབང་མེད་ཧོའུ་ཆིན་ཐའོ་ཡིས་བཟུང་མོད། འོན་ཀྱང་གུང་ཁྲན་ཏང་གི་ཨ་མྱེས་ཅང་དང་ཨ་ཞང་ཨ་ཁུ་ཀྲོའུ་ཡོ་ཁེང་སོགས་ཀྱིས་གནད་ཡོད་ཀྱི་དབང་ཆ་བཟུང་སྟེ། ཧོའུ་ཅིན་ཐའོ་ཕལ་ཆེར་བཤམས་སྐུ་ལྟ་བུ་ཞིག་ཏུ་གྱུར་བ་རེད། སྲིད་འཛིན་ཞིས་ཀྱིས་མིག་མཐོང་ལག་ཟིན་གྱིས་ད་རུང་གུ་ཡངས་གཏོང་ཐུབ་མེད་ན་ཡང་། གུ་ཡངས་ཀྱི་ལམ་ཁའི་འགག་རྡོ་མང་པོ་ཞིག་གཏོར་ཞོར། གུང་ཁྲན་ཏང་གི་ལྟ་བ་མཁྲེགས་འཛིན་པ་ཚོས་གཡོགས་པའི་ནག་ཉེས་ཀྱི་ཞྭ་མོ་ཕུད་ཡོད་པ་མ་ཟད། རྒྱ་ནག་གུང་ཁྲན་ཏང་གིས་དབང་བསྒྱུར་བྱས་པ་ནས་བཟུང་། ཏང་གི་མགོ་ཁྲིད་ཅིག་གིས་བཤད་མྱོང་མེད་པའི་གཏམ་བཤད་བྱས་ཡོད་ལ། ལོ་ངོ་༦༠ ལྷག་རིང་ཐུག་འཕྲད་བྱས་མྱོང་མེད་པ་ཡང་ཁོ་རང་མཇལ་འཕྲད་བྱས་ཡོད་པས། སྲིད་འཛིན་ཞིས་ཅིན་ཕེན་གྱིས་རྒྱ་ནག་དམངས་གཙོ་བསྒྱུར་ཐུབ་རྒྱུ་དཀའ་ན་ཡང་། ལོ་རབས་༨༠ ནང་གི་གུ་ཡངས་ཀྱི་ལམ་ཁ་དེར་ཡང་བསྐྱར་འགྲོ་མི་སྲིད་པ་མ་རེད་སྙམ།

ཕྲན་གྱིས་བསམ་ཚུལ་འདི་ནི། སྲིད་འཛིན་ཞིས་ཀྱིས་ལོ་གསུམ་རིང་། སྔོན་མའི་སྲིད་བློན་ཝིན་ཅ་པའོ་ཡིས་བྱ་འདོད་ཡོད་ཀྱང་། སྒྲུབ་དབང་མེད་པར་ལྷག་པའི་གནད་དོན་མང་པོ་ལག་བསྟར་བྱས་པ་དག་ལ་བསམ་གཞིགས་ཙམ་བྱས་ཁུལ་བྲིས་པ་ཡིན་པས། གོང་གི་རྩོམ་བྱང་ལྟར་སྨུག་ཀློང་ཁྲོད་ནས་མེ་ཏོག་ལ་བལྟས་པ་དང་གཅིག་མཚུངས་ཡིན་སྲིད། ༢༨/༡༡/༢༠༡༥ལ་ཡོ་རུབ་ནས་བྲིས།