སྨྱོན་པའི་ལག་གི་རལ་གྲི།

བོད་ཀྱི་ཁ་རྒྱུན་དུ་གཏམ་དཔེ་མང་པོ་ཡོད་པ་དང་། གཏམ་དཔེ་ཕལ་ཆེ་བས་བཤད་བྱའི་དོན་དངོས་དེ་ཚིག་ཉུང་དོན་འདུས་དཔེ་ཡི་ཐོག་ནས་གོ་བརྡ་འཕྲོད་སླ་བར་བྱེད་པའི་ཁྱད་ཆོས་དམིགས་བསལ་ཡོད། ད་ལན་འདིར་སྨྱོན་པའི་ལག་གི་རལ་གྲི་ཞེས་པའི་དཔེ་དང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་དཀྱིལ་དང་མཐའ། ཟུར་དང་ཁུག་སོགས་ཕྱོགས་གང་ཐད་ནས་མཚུངས་བསྡུར་བྱ་རྒྱུ་ཡིན། རྩ་བས་རལ་གྲི་ནི་ཕ་རོལ་དགྲ་བོ་ཚར་གཅོད་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་བརྩི་ནའང་། སྨྱོན་པའི་ལག་ཏུ་རལ་གྲི་ཤོར་ན་དགྲ་དང་གཉེན། ཕྱི་དང་ནང་གི་ཁྱད་པར་གང་ཡང་མེད་པར་གཡུགས་རྐྱང་བྱེད་པས་སྨྱོན་པའི་ལག་གི་རལ་གྲི་ནི་ཉེན་ཁ་ཆེས་ཆེ་ཤོས་སུ་བརྩི་བ་རེད། ད་ལྟའི་དུས་འདིར་གཞུང་སྒེར་གྱི་ལས་དོན་དང་། ཚོགས་པ་སྒྲིག་འཛུགས་སོགས་གང་ཐད་ནས་གནད་དོན་འདི་དང་འདྲ་བའི་སྣང་ཚུལ་མང་པོ་ཞིག་མཐོང་རྒྱུ་ཡོད་ཅིང་། འདི་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་ཆུང་ངུ་འདིར་ཁྱོན་ཡོངས་ནས་ཡོ་འཁྱོམ་ཆེ་ཆུང་སྣ་ཚོགས་ཤིག་ཡོང་གི་ཡོད་པ་ནི་མངོན་གསལ་དུ་གྱུར་འདུག

དཔེར་ན་བཙན་བྱོལ་ནང་ཁྲིམས་ཐམས་ཅད་ཀྱི་གཞི་རྟེན་གཙོ་བོ་<<བཙན་བྱོལ་བོད་མིའི་བཅའ་ཁྲིམས་>>ཡིན་པ་དང་། བཅའ་ཁྲིམས་སུ་གསལ་བའི་གནད་དོན་ཞིག་ཡིན་ནའང་། རང་ཉིད་དང་དགའ་ཕྱོགས་གཅིག་པའི་མི་ཞིག་སྲུང་སྐྱོབ་བྱེད་དགོས་ཚེ་བཅའ་ཁྲིམས་དང་། སྒྲིག་གཞི་ཁག་ཏུ་ཁ་གསལ་འཁོད་པའི་ཚིག་དོན་རྣམས་རང་ཉིད་ཀྱི་འདོད་ཕྱོགས་དང་མཐུན་པར་ལོག་འགྲེལ་བྱེད་རྐྱང་བྱེད་པ་དང་། ཤེས་བཞིན་དུ་རྩིས་མེད་རྡོག་རོལ་གཏོང་མཁན་ཡང་མི་ཉུང་བ་ཡོང་གི་ཡོད། རང་ཉིད་དང་དགའ་ཕྱོགས་མཐུན་ཞིང་འབྲེལ་འདྲིས་ཟབ་པའི་མི་ཞིག་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་མཐོང་ཚེ་༧གོང་ས་མཆོག་བེད་སྤྱོད་གཏོང་རྐྱང་བྱེད་པ་དང་། དེ་ལ་བརྟེན་ནས་༧གོང་ས་མཆོག་ལ་སྐུར་འདེབས་ཞུ་མཁན་ག་ཚོད་བྱུང་ཡང་སྣང་མེད་དུ་གཏོང་བ་མ་ཟད། ད་དུང་རང་ཉིད་དང་ལྟ་ཚུལ་མི་མཐུན་པའི་མི་སུ་ཡིན་ཡང་། མི་དེ་༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་དུ་གྱུར་ན་དགའ་སྣང་ཚད་མེད་བྱེད་མཁན་ཡང་ང་ཚོའི་སྤྱི་ཚོགས་འདིར་མངོན་གསལ་གྱི་ཐོག་ནས་མཐོང་རྒྱུ་ཡོད།

སྒེར་དོན་ཆུང་ཙག་དང་ཐུག་ཚེ་སྤྱི་པའི་ལས་དོན་བློས་གཏོང་རྐྱང་བྱེད་པ་དང་། སྤྱི་པའི་གོ་སྐབས་དང་བསྟུན་ནས་སྒེར་གྱི་ཁེ་ཕན་སྒྲུབ་མཁན་མི་ཉུང་བ་ཞིག་ཡོད། དེ་ཡང་ཞབས་ཞུའི་ངོ་སོ་དང་བློས་གཏོང་གི་རིན་ཐང་སོགས་བགྲང་ནས་བྱས་ཡུས་ཤོད་མཁན་ཡོད་པ་དང་། འདི་ལྟ་བུའི་མིང་ཐོག་ནས་སྤྱི་པའི་རྒྱུ་ནོར་སྒེར་བདག་བྱས་པ་བོད་མིའི་སྒྲིག་འཛུགས་དང་། གནས་ཡུལ་རྒྱ་གར་གཞུང་གི་ཁྲིམས་ཁང་ནས་ར་སྤྲོད་ཐག་གཅོད་བྱས་པར་ངོས་ལེན་མ་བྱས་ཀྱང་ཅི་མི་བསམ་མཁན་མང་པོ་ཡོད་པ་མ་ཟད། དེ་ལ་ཚད་མཐོའི་རྒྱབ་སྐྱོར་བྱེད་མཁན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོའི་ནང་དུའང་མང་པོ་ཡོད་པས། སྲི་ཞུའི་ལས་བྱེད་པ་དང་མི་མང་ནང་དེ་ལྟ་བུ་ཡོད་པར་ཧ་ལས་རྒྱུ་གང་ཡང་མེད་པ་ལྟ་བུར་འགྱུར་བཞིན་འདུག གཞན་སློབ་གྲྭ་སོགས་རང་སྐྱོང་དང་། ཟུར་སྐྱོང་སྡེ་ཚན་ནང་དུའང་འདི་ལྟ་བུའི་གནས་ཚུལ་མི་ཉུང་བ་ཡོད་ཅིང་། མ་འོངས་པར་རང་སྐྱོང་དང་ཟུར་སྐྱོང་ཁག་ཁྱིམ་ཚང་ཁ་ཤས་ལ་བདག་རྒྱུ་ཉག་གཅིག་ལྟ་བུར་འགྱུར་རྒྱུའི་ཉེན་ཁ་འདུག

གསར་ལམ་ཁག་ལ་མཚོན་ནའང་དེ་དང་གཅིག་མཚུངས་ཡིན་ལ། སྔོན་མ་ཡིན་ན་བརྒྱུད་ལམ་འདི་དང་འདི་ཆོལ་ཁ་བྱེ་བྲག་པ་དང་འབྲེལ་བ་ཡོད་ཚུལ་གྱིས་མཐོང་ཆུང་ཁྱད་གསོད་བྱེད་མཁན་མང་པོ་ཡོད་པ་དང་། གསར་འགོད་ལས་རིགས་སུ་ལས་ཀ་བྱེད་མཁན་དག་གིས་ཀྱང་དེ་ལྟར་བརྗོད་མཁན་ཡོད་ཀྱང་། ད་ལྟའི་དུས་འདིར་བརྒྱུད་ལམ་ཚང་མ་མངོན་གསལ་གྱི་ཐོག་ནས་ཁ་ཕྱོགས་གང་རུང་ཞིག་ཏུ་བསྐྱོད་རྒྱུ་དེ་དར་སོ་ལྟ་བུར་གྱུར་ཟིན་འདུག་པས། སྤྱི་ཚོགས་ཁྱོན་ཡོངས་ནས་མཐོང་དང་ཆ་འཇོག་ཡོད་པའི་བརྒྱུད་ལམ་ཞིག་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ད་ཆ་ཕལ་ཆེར་མེད་པ་ལྟ་བུར་འགྱུར་བཞིན་འདུག མི་སྒེར་ངོས་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཕྱོགས་དང་རིས་ཀྱི་རྣམ་པའི་ཐོག་ནས་དཀྲོག་གཏམ་ཉིན་མཚན་མེད་པར་སྤེལ་བ་དང་། གནད་དོན་ཆུང་ཆུང་ཞིག་ཆེན་པོ་དང་། གཞི་མེད་ལ་སྒྲོ་འདོགས་བྱས་པ་དག་མི་ཅོལ་ཆུང་མང་པོས་བཀྲམ། ཀླད་ཆུང་མང་པོ་དེ་ལ་ཡིད་ཆེས་བྱས་ནས་སྤྱི་ཚོགས་ཁྲག་བཞིན་དཀྲུག་པའི་ལས་དོན་སྣ་ཚོགས་སྒྲུབ་བཞིན་འདུག

མདོར་ན་གོང་དུ་དཔེ་མཚོན་རེ་ཟུང་བཀོད་པ་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་ཟུར་ངོས་ཡོངས་རྫོགས་ཕྱོགས་དང་རིས་སུ་ཆད་པ་ལྟ་བུའི་གནས་སྟངས་ཤིག་ཏུ་གྱུར་ཟིན་པ་དང་། ད་ལྟའི་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ན་མཐོ་བ་དང་། སྐུ་གཟུགས་ཀྱང་དེ་ཙམ་བདེ་པོ་མེད་པ། བོད་སྤྱི་མཐུན་གྱི་བསོད་ནམས་དམན་པས་བཀྲ་མི་ཤིས་པའི་གནས་ཚུལ་ཐབས་སྡུག་ཅིག་བྱུང་བའི་དབང་དུ་བཏང་ན། རང་སྐྱོང་དང་ཟུར་སྐྱོང་དེ་ཚོ་ཕར་ཞོག དབུས་བོད་མིའི་སྒྲིག་འཛུགས་ཀྱང་ཁ་འཐོར་དགུ་འཐོར་དུ་གྱུར་ནས། རྒྱུ་ནོར་དང་ཁ་དབང་གང་ཡོད་པ་དེ་མགོ་བདེ་དྲན་འཕྲུལ་དང་། ཁ་ཤུགས་ཆེན་པོ་དག་གི་ལག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས། ད་ཆ་མང་གཙོ་དང་ཐོབ་ཐང་སོགས་ཡར་རྒྱས་ཀྱི་ལག་ཆར་གྱུར་པའི་གནད་དོན་མང་པོ་བཤད་བཞིན་པ་དག་ཀྱང་། མ་འོངས་པར་སྨྱོན་པའི་ལག་གི་རལ་གྲི་ལྟ་བུར་གྱུར་ནས་བོད་པ་རང་ཉིད་ཀྱི་མགོ་བོ་གཅོད་བྱེད་ཅིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་ནི། ད་ལྟ་ནས་ང་ཚོའི་མིག་མདུན་དུ་ཁྲ་ལམ་མེར་འཆར་ཡོང་བ་ཞིག་ཏུ་གྱུར་འདུག།།