སྲིད་དོན་ལ་ཁྲིམས་ཀྱི་ཕྱི་ཤུན།

ཆེད་བརྗོད། 

བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཕྱི་ལོ་༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་དུ་དབུ་བརྙེས་ནས། ད་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་མང་གཙོའི་ལམ་དུ་བསྐྱོད་ནས་མི་ལོ་༦༡ ཙམ་འདས་ཟིན་པ་རེད། དེའི་རིང་བཙན་བྱོལ་ནང་མང་གཙོ་དང་འབྲེལ་བའི་མདུན་བསྐྱོད་དང་ཡར་རྒྱས་ཇི་ལྟ་བུ་ཞིག་བྱུང་ཡང་། ཚང་མ་༧གོང་ས་མཆོག་གིས་ལམ་སྟོན་དང་སྐུལ་འདེད་མཛད་པ་འབའ་ཞིག་ལས། བོད་མི་རང་ངོས་ནས་མང་གཙོ་ལ་དགའ་ཞེན་དང་མདུན་བསྐྱོད་བྱས་བཞག་པ་ཞིག་གཏན་ནས་མེད་ཅེས་བརྗོད་ཆོག བཙན་བྱོལ་བོད་པའི་མང་གཙོ་ནི་དད་པ་དང་འབྲེལ་བའི་མང་གཙོ་རེད་ཅེས་བརྗོད་མཁན་ཡོད་ཀྱང་། དོན་དུ་དད་པའམ་ཡིད་ཆེས་དང་འབྲེལ་བའི་མང་གཙོ་ཞིག་ཏུ་ངོས་འཛིན་བྱས་ཀྱང་བདེན་པའི་ཆ་གཏན་ནས་མེད་པ་མིན། དེ་ཡང་ཡིད་ཆེས་ཞུ་ཡུལ་གཙོ་བོ་༧གོང་ས་མཆོག་ཡིན་པ་ལས། བོད་མི་དཀྱུས་མ་ནང་ཁུལ་དུ་ཡིད་ཆེས་ཀྱི་ཚད་ཐིག་ནི་ཞན་ཙམ་ཡིན་པར་བརྟེན། བཙན་བྱོལ་བོད་པའི་མང་གཙོ་ནི་སྐབས་རེ་རྩ་དོན་འཐབ་རྩོད་ལ་ཕན་ལས་གནོད་དུ་འགྱུར་བཞིན་མེད་དམ་བསམ་པའི་མཐོང་ཚུལ་ཡོད་མཁན་ཡང་རེ་ཟུང་ཡོང་གི་ཡོད།

འདས་པའི་མི་ལོ་༦༠ ལྷག་རིང་། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མཉམ་ཞུགས་མ་ཐུབ་པའི་གནས་ཚུལ་བྱུང་མྱོང་མེད། མང་གཙོའི་གཞི་རྩ་གྲོས་ཚོགས་ཡིན་ལ། གྲོས་ཚོགས་ཀྱི་སྲོག་སྙིང་ཡང་ཁྲིམས་ལུགས་ཡིན་པ་ནི། འཛམ་གླིང་གི་སྤྱི་སྲོལ་དུ་གྱུར་ཡོད། ད་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ནའང་། དུས་ནས་དུས་སུ་༧གོང་ས་མཆོག་གི་ལམ་སྟོན་འོག མང་གཙོའི་ལམ་ལུགས་ཐོག་མདུན་བསྐྱོད་བྱས་ཡོད་པ་དང་། དུས་དང་མཐུན་པའི་ཁྲིམས་ལུགས་ཀྱང་མང་པོ་ཞིག་གཏན་འབེབས་བྱས་ཡོད། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཅིག་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པ་དང་། ཕྱི་ལོ་༡༩༩༡ ཟླ་༦ ཚེས་༢༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བཀའ་འཁྲོལ་བསྩལ་ནས་རྩ་འཛིན་ལག་བསྟར་བྱས་ཡོད། ད་བར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གང་མང་ཞིག་བྱེད་དགོས་བྱུང་ཡོད་ནའང་། ད་ལྟའི་དུས་ཚོད་ལྟ་བུར་དངོས་སུ་བཅའ་ཁྲིམས་ལག་བསྟར་བྱེད་པའི་ལམ་ཁ་གཏན་ནས་མེད་པར་གྱུར་པའི་དུས་ཚོད་ཅིག་བྱུང་མྱོང་མེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་དང་། ཁྲིམས་ཞིབ་པ་དང་། སྲིད་སྐྱོང་། སྤྱི་འཐུས་སོགས་དམ་འབུལ་ཞུ་རྒྱུས་མཚོན་དེ་དང་འབྲེལ་བའི་བཅའ་ཁྲིམས་ལ་བསྐྱར་བཅོས་བྱེད་མ་ཐུབ་པ་མ་ཟད། སྐབས་བཅུ་དྲུག་པའི་ཚོགས་འདུ་འཕར་མ་འཚོག་རྒྱུར་འགལ་རྐྱེན་སྣ་ཚོགས་ཤིག་ཆེད་དུ་སྤྲད་ནས་ཚོགས་མ་ཐུབ་པར་བརྟེན། བཅའ་ཁྲིམས་དོན་ཚན་༢༥ པ་སྲིད་སྐྱོང་དང་། བཀའ་བློན་རྣམ་པའི་དམ་འབུལ་དང་། བཅའ་ཁྲིམས་དོན་ཚན་༤༥ པ་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དམ་འབུལ། བཅའ་ཁྲིམས་དོན་ཚན་༤༧ པ་བར་བརྒལ་ཚོགས་གཙོ་དང་སྤྱི་འཐུས་རྣམ་པས་དམ་འབུལ་ཞུ་རྒྱུ་སོགས་དམ་འབུལ་ཞུ་རྒྱུའི་ལམ་ཁ་ཡོངས་སུ་ལག་བསྟར་བྱེད་ཐབས་མེད་པར་གྱུར་ཟིན་པ་དང་། ད་ལྟའི་ཆར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཚོག་པར་ཚོགས་བརྡ་གཏོང་བར་བཅའ་ཁྲིམས་དོན་ཚན་༤༠ པ་ཡང་ལག་བསྟར་བྱེད་ཐུབ་པའི་ལམ་ཁ་གཏན་ནས་མེད་པར་གྱུར་ཟིན།

སྐབས་འདིར་ལངས་ཕྱོགས་མི་འདྲ་བའི་རྒྱུ་མཚན་ལ་བརྟེན་ཕན་ཚུན་ཁ་ནས་བཅའ་ཁྲིམས་ཞེས་ཡང་ཡང་འབོད་བཞིན་ཡོད་ཀྱང་། དེ་དག་ཐམས་ཅད་ནང་ཁུལ་སྲིད་དོན་གྱི་ཐོབ་ཤོར་འབའ་ཞིག་གི་ཆེད་ཡིན་ནའང་། ཁ་ནས་བཅའ་ཁྲིམས་དོན་ཚན་༤༧ པའི་དགོངས་དོན་ལག་བསྟར་བྱེད་དགོས་ཞེས་ཡང་ཡང་བརྗོད་བཞིན་ཡོད། འོན་ཀྱང་དོན་དུ་ཁོང་རྣམ་པའི་ངོས་ནས་བཅའ་ཁྲིམས་དོན་ཚན་༤༧ པའི་དགོངས་དོན་ཇི་བཞིན་ལག་བསྟར་བྱེད་ཐུབ་པའི་ལམ་ཁ་གཏན་ནས་མེད་པར་གྱུར་ཟིན་པ་དེ། ཚང་མའི་སེམས་ལ་ཧ་ཅང་གསལ་པོར་གྱུར་ཡོད། ད་ལྟའི་དུས་འདིར་ནང་ཁུལ་གྱི་སྲིད་དོན་དགོས་དབང་རྩ་དོན་དུ་བཟུང་ནས། དེ་ལ་བཅའ་ཁྲིམས་ཀྱི་ཕྱི་ཤུན་ཙམ་གཡོགས་ཐབས་ཇི་ལྟར་བྱས་ཀྱང་། དོན་དུ་མདུན་བསྐྱོད་ཀྱི་ལམ་ཁ་ཡང་དག་པ་ཞིག་རྙེད་ཐབས་མེད་པ་དང་། དམ་འབུལ་ཞུ་སྟངས་ནི་སྤྱི་འཐུས་ཕྱོགས་སོ་སོ་ནས་འགྲེལ་བརྗོད་མི་འདྲ་བ་རེ་རྒྱག་བཞིན་ཡོད་ཀྱང་། དོན་དངོས་སུ་བྱེད་སྟངས་དེ་གཉིས་ཀ་བཅའ་ཁྲིམས་ཀྱི་ནང་དུ་གསལ་བའི་དམ་འབུལ་ཞུ་ཕྱོགས་དང་ཕྱོགས་ཀུན་ནས་མཐུན་པ་ཞིག་ཏུ་གཏན་ནས་གྱུར་མེད།

མདོར་ན་རྩ་དོན་འཐབ་རྩོད་ལ་བསམ་བློ་བཏང་སྟེ་ཕྱོགས་ཚང་མ་ནས་བསྟུན་ཤེས་ཅུང་ཙམ་རེ་བྱེད་ཐབས་ཡོད་ན་མ་གཏོགས། གོང་དུ་བརྗོད་པ་བཞིན་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་ལམ་ཁ་གཏན་ནས་མེད། ཕྱོགས་སོ་སོས་སྲིད་དོན་གྱི་དགོས་མཁོ་བསྒྲུབ་ཆེད། བཅའ་ཁྲིམས་ཀྱི་ཕྱི་ཤུན་གཡོགས་ཐབས་བྱས་པ་ནི། དངོས་དོན་ལ་གཡོལ་ཐབས་ཀྱི་འགྲེལ་བརྗོད་ཙམ་ལས་སྤྱི་དོན་དང་འཐབ་རྩོད་ལ་འགན་ཁུར་བའི་བྱེད་སྟངས་ཤིག་མ་རེད། དེའི་རྗེས་སུ་འདེམས་ཐོན་སྲིད་སྐྱོང་དང་། འོས་བསྡུའི་འགན་འཛིན་བཅས་ཕྱོགས་གཅིག་ཏུ་བཞེངས་ནས་ལངས་ཕྱོགས་ཤིག་བཟུང་ཡོད་ཀྱང་། དེ་ཡང་གོང་དུ་བརྗོད་པའི་རྒྱུ་མཚན་དེའི་ར་བ་ལས་གཏན་ནས་བརྒལ་མེད། འོན་ཀྱང་རྒྱ་གཞུང་ལ་འབྲེལ་ལམ་འཛིན་ཐུབ་ཆེད་བོད་མིའི་སྒྲིག་འཛུགས་དེ་རིམ་པས་སྒོ་རྒྱག་རྒྱུའི་ཐབས་ཤེས་ཤིག་ཡིན་མི་སྲིད་པའང་རེད་མི་འདུག་ལ། གལ་སྲིད་དེ་ཡིན་པའི་དབང་དུ་བཏང་ན་མི་མང་ལ་ཁ་གསལ་པོའི་ཐོག་ནས་ཆབ་སྲིད་དབུ་ཁྲིད་ཀྱིས་གསལ་པོ་གསུངས་དགོས་པ་ལས། སྐོར་བ་མང་པོ་བརྒྱབ་པ་དང་ཁ་གཡར་ས་གཞན་ཞིག་འཚོལ་ཐབས་བྱེད་དགོས་དོན་གཏན་ནས་ཡོད་མ་རེད།།