སྲིད་བློན་མཱོ་དྷིའི་དམ་འབུལ་མཛད་སྒོར་བོད་དང་ཐའེ་ཝན་གྱི་སྐུ་ཚབ་མགྲོན་འབོད་བྱས་མེད་འདུག
རྒྱ་གར་གྱི་སྲིད་བློན་མཱོ་དྷི་ཡི་སྲིད་བློན་ལས་ཁུར་སྐབས་གཉིས་པའི་དམ་འབུལ་མཛད་སྒོར། སྐབས་དང་པོ་དང་མི་འདྲ་བར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ཐའེ་ཝན་གྱི་སྐུ་ཚབ་གཉིས་ལ་མགྲོན་འབོད་བྱས་མེད་འདུག་པས། ཐག་གཅོད་དེ་ནི་བརྒྱུད་ལམ་ཁག་ཏུ་རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་དུ་ཡིན་སྐོར་ངོས་འཛིན་བྱེད་བཞིན་འདུག
ཟླ་༥ པའི་ཚེས་༣༠ ཉིན་གྱི་ཕྱི་དྲོར། རྒྱ་གར་གྱི་སྲིད་བློན་འདེམས་ཐོན་པ་མཱོ་དྷི་ཡིས་སྐབས་གཉིས་པའི་སྲིད་བློན་ལས་ཁུར་དམ་འབུལ་མཛད་སྒོ་འཚོག་རྒྱུ་ཡིན་པ་དང་། རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་དང་། དེ་བཞིན་བྷང་ལ་ཌེ་ཤི འབར་མ། སིང་གྷ་ལ། ཐའེ་ལན་ཌ། འབྲུག བལ་ཡུལ་སོགས་ཀྱི་འགོ་ཁྲིད་རྣམས་ལ་ཡང་མགྲོན་འབོད་བྱས་ཡོད་འདུག
དེ་སྔོན་ཕྱི་ལོ་༢༠༡༤ ལོར་མཱོ་དྷི་སྲིད་བློན་དུ་སྐབས་དང་པོར་འདེམས་ཐོན་བྱུང་ནས། ལས་ཁུར་དམ་འབུལ་གྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། དེ་བཞིན་རྒྱལ་ས་ལྡི་ལིར་ཐའེ་ཝན་གྱི་སྐུ་ཚབ་ཅུང་ཝང་ཊེན་གཉིས་མགྲོན་འབོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གིས་ཐག་གཅོད་དེར་ངོ་རྒོལ་ཆེན་པོ་བྱས་ཡོད་འདུག འོན་ཀྱང་ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ཐའེ་ཝན་གྱི་སྐུ་ཚབ་གཉིས་ཀ་མགྲོན་འབོད་བྱས་མེད་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་སྤེལ་འདུག
བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་གུས་བརྩི་མི་བྱེད་མཁན་གྱི་རྒྱལ་ཁབ་ཁག་དང་འབྲེལ་ལམ་འཇོག་གི་མེད་པ་ལྟར། རྒྱ་གར་གྱིས་བོད་དང་ཐའེ་ཝན་སྐུ་ཚབ་མགྲོན་འབོད་བྱས་མེད་པ་ཡིན་ཚུལ་བརྗོད་བཞིན་འདུག་ལ། དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པཱ་ཀི་སི་ཐན་གྱི་སྲིད་བློན་ཨེམ་རན་ཁང་ཡང་མགྲོན་འབོད་བྱས་མེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།