སྲིད་བློན་མོ་དྷིས་ཟླ་བ་རྗེས་མར་ཨུ་རུ་སུར་ཕྱིན་ཏེ་པུ་ཊིན་མཇལ་འཕྲད་བྱ་རྒྱུ་རེད་འདུག

ཟླ་འདིའི་ཚེས་༢༦ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་བ་རྗེས་མའི་ནང་རྒྱ་གར་དང་ཨུ་རུ་སུའི་སྲིད་འཛིན་བར་མཇལ་འཕྲད་གནང་རྒྱུ་དང་། ལྷག་པར་དུ་སྲིད་བློན་མོ་དྷི་ལོ་ངོ་བཞི་བཅུའི་རྗེས་ཆེས་ཐོག་མ་ཨོ་སི་ཊོ་རེ་ཡ་ལ་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

པར། Firstpost

ཉེ་ཆར་རྒྱ་གར་དང་ཨུ་རུ་སུའི་གསར་ཤོག་ཁག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་ཟླ་བ་རྗེས་མའི་ནང་ཨུ་རུ་སུ་ལ་ཕེབས་ནས་སྲིད་འཛིན་པུ་ཊིན་དང་ལྷན་དུ་ཡུག་རེན་གྱི་དམག་འཁྲུག་དང་ཨུ་རྒྱ་གཉིས་ཀྱི་དམག་དོན་སོགས་ཀྱི་ཐོག་ལ་གོ་བསྡུར་བྱེད་འཆར་ཡོད་པའི་གནས་ཚུལ་བཀོད་ཀྱང་དུས་ཚོད་གསལ་བོ་བཀོད་མི་འདུག གལ་སྲིད་ཟླ་བ་རྗེས་མའི་ནང་རྒྱ་གར་གྱི་སྲིད་བློན་མོ་དྷི་ཨུ་རུ་སུ་ལ་ཕེབས་པ་ཡིན་ན། ཕྱི་ལོ་༢༠༡༩ ནས་བཟུང་ཁོང་ཨུ་རུ་སུ་ལ་ཕེབས་པ་ཐོག་མ་ཆགས་ཀྱི་ཡོད་པ་མ་ཟད། ཨུ་རུ་སུས་ཡུག་རེན་བཙན་འཛུལ་ལམ་ཕྱོགས་གཉིས་བར་དམག་འཁྲུག་ལངས་ནས་བཟུང་ཨུ་རུ་སུ་ལ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

སྲིད་འཛིན་པུ་ཊིན་གྱིས་ལོ་འདིའི་ཕྱི་ཟླ་༥ པའི་ནང་སྲིད་འཛིན་གྱི་དུས་ཡུན་ལྔ་པའི་དམ་འབུལ་ཞུས་ཡོད་པ་དང་། ཟླ་འདིའི་ཚེས་༩ ་ཉིན་སྲིད་བློན་མོ་དྷིས་སྲིད་བློན་གྱི་དུས་ཡུན་གསུམ་པའི་དམ་འབུལ་ཞུས་ཡོད་འདུག

ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ་ནས་བཟུང་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་ལ་ཉེས་འཛུགས་དང་ཉེས་ཆད་ཐེངས་མང་བཅད་ཀྱང་། རྒྱ་གར་གྱིས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་མེད་པ་མ་ཟད་ཡུག་རེན་ལ་དམག་བརྒྱབས་པར་ཉེས་འཛུགས་ཀྱང་བྱས་མེད་པ་རེད་འདུག ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུའི་སྣུམ་སོགས་ཉོ་རྒྱུ་ཉུང་འཕྲི་བྱས་པ་ནས་བཟུང་ཨུ་རུ་སུས་རྒྱ་དཀར་ནག་གཉིས་ལ་རྡོ་སྣུམ་སོགས་འཚོང་རྒྱུ་མང་དུ་བཏང་ཡོད་འདུག

དེ་སྔ་གྲང་དམག་སྐབས་ནས་བཟུང་ཨུ་རུ་སུ་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་ཡག་པོ་ཡོད་པ་དང་། ཕྱི་ལོ་༢༠༠༠ ནས་ཕྱོགས་གཉིས་བར་ལོ་ལྟར་བཞིན་ལྷན་ཚོགས་ཤིག་འཚོགས་རྒྱུ་བྱས་པ་ལྟར། ལོ་འདིར་ལྷན་ཚོགས་གཙོ་སྐྱོང་གནང་མཁན་ཨུ་རུ་སུ་ཆགས་ཀྱི་ཡོད་འདུག ཕྱི་ལོ་༢༠༢༠ ལོར་རྒྱ་ནད་ཀྱི་དབང་གིས་ཕྱོགས་གཉིས་བར་ལྷན་ཚོགས་ཚོགས་ཐུབ་མེད་ཀྱང་། ཕྱི་ལོ་༢༠༢༡ ལོར་རྒྱ་གར་གྱི་གཙོ་སྐྱོང་འོག་ཨུ་རུ་སུའི་སྲིད་འཛིན་རྒྱ་གར་དུ་ཡོང་ཡོད་འདུག དེ་ནས་ལོ་ངོ་གཉིས་ཀྱི་རིང་ལྷན་ཚོགས་ཚོགས་ཐུབ་མེད་པ་རེད་འདུག

ད་ལྟའི་ཆར་རྒྱ་གར་དང་ཨ་རིའི་བར་ཐབས་ཇུས་དང་བདེ་འཇགས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་པར་མ་ལྟོས་པར་རྒྱ་གར་གྱིས་ཨུ་རུ་སུ་དང་འབྲེལ་བ་མུ་མཐུད་རྒྱུན་སྐྱོང་བཞིན་ཡོད་འདུག

གཞན་ཡང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་སྲིད་བློན་ཨུ་རུ་སུ་ལ་ཕེབས་རྗེས་ཁོང་ཉིད་ཡུ་རོབ་ཀྱི་རྒྱལ་ཁབ་ཨོ་སི་ཊོ་རི་ཡ་ལ་ཕེབས་འཆར་ཡོད་འདུག ཨོ་སི་ཊོ་རེ་ཡ་ནི་ནེ་ཊོ་(NATO) ་ཁོངས་སུ་མེད་པའི་ཡུ་རོབ་ཀྱི་རྒྱལ་ཁབ་གཅིག་ཡིན་པ་དང་། རྒྱལ་ཁབ་དེས་ཨུ་རུ་སུའི་དམག་འཁྲུག་ལ་ཉེས་འཛུགས་བྱེད་ཀྱི་ཡོད་ན་ཡང་ཕྱོགས་གཉིས་བར་དཔལ་འབྱོར་གྱི་འབྲེལ་ལམ་རྒྱུན་མཐུད་བཞིན་ཡོད་འདུག འདས་པའི་ལོ་ངོ་བཞི་བཅུའི་རིང་རྒྱ་གར་གྱི་སྲིད་བློན་ཞིག་ཨོ་སི་ཊོ་རེ་ཡ་ལ་ཕེབས་མེད་པ་དང་། ཐེངས་འདི་འཚམས་གཟིགས་དེ་ཕྱོགས་གཉིས་བར་འཕྲུལ་རིག་སོགས་ཀྱི་ཐོག་འབྲེལ་བ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པར་མཚོན་གྱི་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།