སྲིད་བློན་མོ་དྷིས་རྒྱ་གར་དུ་ནང་པའི་ཤེས་ཡོན་ལྟེ་གནས་ཁང་ཞིག་གསར་འཛུགས་བྱེད་རྒྱུའི་དགོངས་འཆར་བཏོན་འདུག

སྲིད་བློན་མོ་དྷིས་རྒྱ་གར་དུ་ནང་པའི་ཤེས་རིག་དང་རྩོམ་རིག་འཛིན་སྐྱོང་སྤེལ་གསུམ་དང་། ཉམས་ཞིབ་བགྲོ་གླེང་བྱེད་སའི་དཔེ་མཛོད་ཁང་ཞིག་གསར་འཛུགས་བྱེད་རྒྱུའི་དགོངས་འཆར་བཏོན་འདུག 

ཕྱི་ཟླ་༡༢ ཚེས་༢༡ རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་སྲིད་བློན་མོ་དྷིས་ཉིན་དེར་དྲ་རྒྱ་བརྒྱུད་དེ་འཕགས་ཉིའི་མཛའ་འབྲེལ་བགྲོ་གླེང་ཐེངས་དྲུག་པའི་(6th Indo-Japan Sawwad conference) ཐོག་གསུང་བཤད་གནང་སྐབས། ཁོང་གིས་གླེང་སྟེགས་དེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་སྤྱོད་རྣམས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རླབས་ཆེན་གྱི་ལས་དོན་ལ་བསྔགས་བརྗོད་གནང་ཡོད་འདུག 

སྲིད་བློན་ཁོང་གིས་“དེ་རིང་ངས་འདི་ལྟ་བུའི་ནང་པ་སངས་རྒྱས་པའི་སྲོལ་རྒྱུན་རྩོམ་རིག་དང་ཕྱག་དཔེ་ཐམས་ཅད་ཀྱི་དཔེ་མཛོད་ཁང་ཞིག་གསར་འཛུགས་བྱེད་པའི་གྲོས་འཆར་ཞིག་འདོན་འདོད་བྱུང་། ང་ཚོས་རྒྱ་གར་དུ་འདི་ལྟ་བུའི་མཐུན་རྐྱེན་ཞིག་གསར་འཛུགས་བྱེད་རྒྱུར་དགའ་མོས་ཡོད་ལ། དགོས་ངེས་ཀྱི་རྒྱུ་ཆ་མཁོ་འདོན་བྱེད་རྒྱུ་ཡིན་”ཞེས་གསུངས་ཡོད་འདུག 

ཁོང་གིས་དཔེ་མཛོད་ཁང་དེས་རྒྱལ་ཁབ་འདྲ་མིན་སྣ་ཚོགས་ནས་བྱུང་བའི་ནང་པའི་རྩོམ་རིག་དང་། ཕྱག་དཔེ་མཐའ་དག་གི་དྲ་བའི་འདྲ་བཤུས་(Digital copies) བསྡུ་སྒྲུབ་བྱེད་པ་མ་ཟད། དེ་དག་ཕབ་སྒྱུར་བྱས་ཏེ་ནང་པའི་གྲྭ་བཙུན་དང་མཁས་པ་རྣམས་ལ་རིན་མེད་དུ་མཁོ་སྐྲུན་བྱེད་པའི་དམིགས་ཡུལ་འཆང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག 

གཞན་ཡང་། སྲིད་བློན་མོ་དྷིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་འོད་སྣང་རྒྱ་གར་ནས་འཛམ་གླིང་གི་ཡུལ་གྲུ་གཞན་དག་ཏུ་དར་ཞིང་ཁྱབ་པ་ཞིག་ཡིན་ན་ཡང་། “བསྟན་པའི་འོད་སྣང་དེ་འགྱུར་བ་མེད་པར་རང་སོར་གནས་མེད། བསྟན་པ་དར་སའི་ས་ཆ་གསར་པ་རེ་རེའི་ནང་། ནང་པའི་ལྟ་གྲུབ་རྣམས་དུས་རབས་ནས་དུས་རབས་སུ་རྒྱུན་མ་ཆད་པར་འཕེལ་འགྱུར་ཕྱིན་ཡོད། རྒྱུ་མཚན་དེའི་དབང་གིས་དེང་སང་སྐད་ཡིག་འདྲ་མིན་སྣ་ཚོགས་དང་། རྒྱལ་ཁབ་འདྲ་མིན་སྣ་ཚོགས་སུ་ཡོད་པའི་དགོན་སྡེ་འདྲ་མིན་སྣ་ཚོགས་ནས་ནང་པ་སངས་རྒྱས་པའི་རྩོམ་རིག་དང་ལྟ་གྲུབ་ཀྱི་བང་མཛོད་རིན་ཐང་བྲལ་བ་རྙེད་ཐུབ་”ཅེས་གསུངས་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།