སྲིད་བློན་ནཱ་རན་ཏ་མཱུ་ཏི་ཡིས་ཧི་མ་ཅལ་སྔར་ལྷག་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་གསུངས།

ཟླ་འདིའི་ཚེས་༢༧ ཉིན་ཧི་མ་ཅལ་མངའ་སྡེ་གཞུང་རྒྱ་གར་གྱི་བྷུ་ཇི་བྷུ་ཆབ་སྲིད་ཚོགས་པས་བཟུང་ནས་ལོ་གཅིག་འཁོར་བའི་མཛད་སྒོའི་ཐོག རྒྱ་གར་གྱི་སྲིད་བློན་ནཱ་རན་ཏ་མཱུ་ཏི་མི་མང་གིས་དགའ་བསུའི་སྐད་འབོད་ཁྲོད་ཕེབས་ནས་གསུང་བཤད་གནང་ཡོད་པ་རེད།

www.indiatvnews.com

དུས་དྲན་མཛད་སྒོ་དེ་དྷ་ཤོད་ཀྱི་ཉེན་རྟོག་པའི་ཐང་ཆེན་དུ་འཚོགས་པ་དང་། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་མཛད་སྒོའི་ཐོག་དྷ་ས་དང་བོད་པའི་སྐོར་འབྲེལ་ནས་གསུང་སྐབས། “དྷ་རམ་ས་ལ་ནི་གནད་འགག་ཅན་གྱི་ས་གནས་ཤིག་རེད་ལ། ཡུལ་ལྗོངས་འདི་རྒྱ་གར་རང་དང་རྒྱལ་སྤྱིའི་ཐོག་དམིགས་བསལ་ལྟ་སྟངས་ཤིག་ཆགས་པ་དེ་ནི་དྷོ་ལ་དྷར་རི་རྒྱུད་ཀྱི་མཛེས་ལྗོངས་དང་། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བཞུགས་གནས་སུ་གྱུར་པར་བརྟེན་ནས་བྱུང་བ་རེད་” ཅེས་དང་། ཁོང་གིས་ཉེ་ཆར་དྷ་རམ་ས་ལ་ས་ཁྲའི་ཐོག་འབུར་དུ་ཐོན་པ་དེ་ནི་༧གོང་ས་མཆོག་གི་བཀའ་དྲིན་ཡིན་སྐོར་གསུངས་ཡོད་པ་རེད། ༧གོང་ས་མཆོག་གིས་དུས་རྒྱུན་དྷ་རམ་ས་ལ་ནི་ཁོང་གི་ནང་ཡིན་པ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཁོང་གི་དབུ་ཁྲིད་ཡིན་སྐོར་གྱི་བཀའ་སློབ་གནང་གི་ཡོད་པ་རེད།

སྲིད་བློན་ནཱ་རན་ཏ་མཱུ་ཏི་ཡིས། ཧི་མ་ཅལ་མངའ་སྡེར་བྷུ་ཇི་བྷུ་ཚོགས་པས་ཞབས་ཞུའི་ལས་དོན་བྱེད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བ་དང་། ཧི་མ་ཅལ་ནི་ངའི་ནང་ལྟ་བུ་ཡིན་ལ། ཧི་མ་ཅལ་ཡར་རྒྱས་གཏོང་ཆེད་སྔར་ལྷག་འགྲོ་སོང་གཏོང་རྒྱུ་ཡིན་སྐོར་དང་། ཧིན་སྒོར་རེ་རེ་འཕྲོ་བརླགས་སུ་མི་འགྲོ་བར་མངའ་སྡེ་ཡར་རྒྱས་གཏོང་ཐུབ་རྒྱུར་ཡིད་ཆེས་ཡོད་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།

རྒྱ་གར་གཞུང་གི་ཕྱོགས་འགལ་ཚོགས་པ་ཀོང་རི་སུས་ཧི་མ་ཅལ་གཞུང་བྷུ་ཇི་བྷུ་ཚོགས་པ་བཟུང་ནས་གང་ཡང་འཇོན་གྱི་མེད་སྐོར་གྱི་སྐྱོན་བརྗོད་ཀྱང་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།