སྲིད་འཛིན་ཊོམ་ཁོང་ཁྲོ་ཆེན་པོ་ལངས་པའི་ཐོག་ནས་ཨུ་རུ་སུའི་སྲིད་འཛིན་ལ་ཉེན་བརྡ་བཏང་འདུག 

ཉེ་ཆར་སྲིད་འཛིན་ཊོམ་དང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་བར་ཁ་པར་བརྒྱུད་ནས་སྐད་ཆ་བཤད་ཡོད་འདུག་ཅིང་། སྐབས་དེར་བདུན་ཕྲག་ཁ་ཤས་རིང་དམག་འཁྲུག་མཚམས་འཇོག་གི་ཆེད་གྲོས་མོལ་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་པར་བརྟེན། ཊོམ་སྲིད་འཛིན་པུ་ཌིན་ལ་ཁོང་ཁྲོ་ཆེན་པོ་ལངས་བྱུང་ཞེས་བརྗོད་འདུག 


ཕྱི་ཚེས་༣༡ ཉིན་བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། (NBC)གསར་ཁང་གིས་ཁ་སང་གཟའ་ཉི་མའི་ཞོགས་པར་ཊོམ་ལ་བཅར་འདྲི་བྱེད་དུས། ཊོམ་གྱིས་ཁོང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་ལ་ཁོང་ཁྲོ་ཧ་ཅང་ཆེན་པོ་ལངས་ཡོད་པར་བརྗོད་འདུག་ལ། དེའི་རྒྱུ་མཚན་ནི་བདུན་ཕྲག་མང་པོའི་རིང་དམག་འཁྲུག་མཚམས་འཇོག་ཡོང་ཐབས་སུ་ཐབས་ཤེས་བྱས་ཀྱང་། ཨུ་རུ་སུའི་སྲིད་འཛིན་གྱིས་ཡུག་རེན་གྱི་སྲིད་འཛིན་ནི་སྒེར་གཅོད་པ་ཡིན་སྐོར་དང་། ཡུག་རེན་ནང་སྲིད་འཛིན་གྱི་འོས་བསྡུ་བྱེད་དགོས་ཚུལ་བརྗོད་པ་དང་། ཡུག་རེན་གྱིས་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ཀྱི་གྲོས་མོལ་ལ་མོས་མཐུན་བྱས་ཡོད་ཀྱང་། པུ་ཌིན་གྱིས་དེ་ལ་འཁོན་འཛིན་བྱེད་ཀྱི་འདུག་ཅེས་བརྗོད་འདུག ཊོམ་གྱིས་གལ་སྲིད་ངས་ཡུག་རེན་ནང་ཁྲག་དྲི་བྲོ་བཞིན་པའི་དམག་འཁྲུག་དེ་མཚམས་འཇོག་མ་ཐུབ་པ་དང་། དེའི་རྒྱུ་རྐྱེན་དེ་ཨུ་རུ་སུ་ལ་ཐུག་ཡོད་ན་ཁོས་ཨུ་རུ་སུའི་རྡོ་སྣུམ་ཐོག་སྒོ་ཁྲལ་གཉིས་པ་དེ་འགེལ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

སྒོ་ཁྲལ་དང་པོ་དེ་ཨུ་རུ་སུས་ཡུག་རེན་ལ་ཐོག་མར་བཙན་འཛུལ་བྱེད་དུས་བྷ་ཌན་གྱིས་ཨུ་རུ་སུའི་རྡོ་སྣུམ་ཐོག་ལ་སྒོ་ཁྲལ་བཀལ་ཡོད་འདུག ཡུ་རོབ་རྒྱལ་ཁབ་ཚོར་འཇིགས་སྣང་སྐྱེ་བཞིན་པ་ཞིག་ལ། སྲིད་འཛིན་ཊོམ་གྱིས་ད་དུང་དམག་འཁྲུག་མཚམས་འཇོག་གི་ཐད་ཨུ་རུ་སུ་ལ་བསྟུན་མཁས་དང་ངོ་དགའ་བྱེད་བཞིན་པ་ལས་སྲིད་བྱུས་མཁྲེགས་པོ་ཞིག་འཛིན་ཐུབ་ཀྱི་མེད་པར་བརྗོད་འདུག གསར་ཁང་དེས་བརྗོད་དོན་ལ་འདས་པའི་བདུན་ཕྲག་དྲུག་རིང་ཨ་རིའི་སྲིད་འཛིན་གྱིས་ཡུག་རེན་སྲིད་འཛིན་ལ་ཁོའི་འདོད་དོན་མང་པོ་ཞིག་ངོས་ལེན་བྱེད་དགོས་པའི་བཙན་བཀའ་བཏང་ནས་ཨུ་རུ་སུ་ལ་བསྟུན་མཁས་དང་། ཨུ་རུ་སུ་ཡི་འདོད་དོན་མང་པོ་ཞིག་བསྒྲུབས་ཡོད་ཀྱང་། པུ་ཌིན་གྱིས་ད་དུང་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་ལ་ངོས་ལེན་བྱེད་ཀྱི་མེད་པ་དང་། དམག་འཁྲུག་མཚམས་འཇོག་བྱེད་མི་བྱེད་ཀྱི་འགག་རྩ་གཙོ་བོ་ཨུ་རུ་སུ་ལ་ཐུག་ཡོད་པར་བརྟེན། ཐེངས་འདིར་ཨ་རིའི་ངོས་ནས་ཨུ་རུ་སུ་ལ་དོ་ནན་པོའི་ཐོག་ནས་འཇིགས་སྐུལ་བྱས་པ་ཐེངས་དང་པོ་དེ་ཡིན་པར་བརྗོད་འདུག

ཊོམ་གྱིས་གལ་སྲིད་ཨུ་རུ་སུའི་ངོས་ནས་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་གཞིར་བཟུང་མ་བྱས་ཚེ་ཨུ་རུ་སུའི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་པ་དང་། སྒོ་ཁྲལ་བརྒྱ་ཆ་༢༥ འགེལ་རྒྱུ་ཡིན་པར་བརྗོད་འདུག དེ་བཞིན་ཨུ་རུ་སུ་ནས་རྡོ་སྣུམ་ཉོ་མཁན་རྒྱལ་ཁབ་གཞན་རྣམས་ཀྱི་དངོས་ཟོག་ཨ་རིའི་ནང་ནང་འདྲེན་བྱས་པ་དག་ལ་ཡང་སྒོ་ཁྲལ་བརྒྱ་ཆ་༥༠ འགེལ་རྒྱུ་ཡིན་པར་བརྗོད་འདུག ཨུ་རུ་སུ་ནས་རྡོ་སྣུམ་ཉོ་མཁན་མང་ཤོས་རྒྱ་ནག་དང་རྒྱ་གར་གཉིས་ཡིན་འདུག་པ་དང་། ཡུག་རེན་གྱི་སྲིད་འཛིན་གྱིས་པུ་ཌིན་གྱིས་ཁ་གཡར་ས་འཚོལ་བཞིན་ཡོད་པ་ལས་དོན་དངོས་ཐོག་དམག་འཁྲུག་མཚམས་འཇོག་བྱེད་འདོད་ཡོད་པ་མ་རེད། ཕྱི་ལོ་༢༠༡༤ ལོར་(Crimean)བཙན་བཟུང་བྱས་རྗེས་གྲོས་མཐུན་བཞག་ཡོད་ཀྱང་། གྲོས་མཐུན་ལ་བརྩི་སྲུང་བྱས་མེད་པ་སྤྱི་ཚོགས་དྲྭ་ལམ་ཐོག་བཀོད་ཡོད་འདུག ད་བར་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་འགོ་བཙུགས་པ་ནས་བཟུང་ཨུ་རུ་སུའི་དམག་མི་ཁྱོན་༡༠༠༠༠༠ ཙམ་འདས་གྲོངས་སུ་གྱུར་ཡོད་པར་བརྗོད་འདུག་ལ། ཡུག་རེན་གྱི་དམག་མི་ཁྱོན་༤༣༠༠༠ ཙམ་འདས་གྲོངས་སུ་གྱུར་ཡོད་པ་བརྗོད་འདུག ཊོམ་གྱིས་བདུན་རྗེས་མར་བསྐྱར་དུ་ཨུ་རུ་སུའི་སྲིད་འཛིན་དང་ལྷན་དུ་གྲོས་མོལ་བྱེད་རྒྱུ་ཡིན་པར་བརྗོད་འདུག ་ལ། 

དེ་བཞིན་(NBC)གསར་ཁང་གིས་ཁ་སང་གཟའ་ཉི་མའི་ཞོགས་པར་ཊོམ་ལ་བཅར་འདྲི་བྱེད་དུས་ཌོམ་གྱིས་ཨི་རན་རྒྱལ་ཁབ་ལ་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་ཉེན་བརྡ་བཏང་ཡོད་འདུག་པ་དང་། གལ་སྲིད་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་གྲོས་མོལ་མ་བྱས་ཚེ་ཨི་རན་ལ་གཏོར་རྒོལ་ཚབས་ཆེན་བྱེད་རྒྱུ་དང་། དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུ་ཡིན་པ་ཡང་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།