སྲིད་འཛིན་ཊོམ་གྱི་ཁྲིམས་གསར་པས་ཁྲིམས་འགལ་གྱི་གནས་སྤོ་བ་མང་པོར་དམིགས་པ།

ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊོམ་གྱིས་ཁྲིམས་འགལ་བའི་གནས་སྤོ་བ་རྣམས། ཨ་རི་ནས་ཕྱིར་ཕུད་གཏོང་ཆེད་ཀྱི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་འདུག་པ་དང་། དེ་ལས་ཨ་རིའི་ནང་གི་ཐོ་འགོད་མེད་པའི་ཁྲིམས་འགལ་གྱི་གནས་སྤོ་བ་ས་ཡ་༡༡ ལ་དམིགས་པ་ཡིན་འདུག

16933352_1419376304752901_730486569_nཟླ་འདིའི་ཚེས་༢༢ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༡ ཉིན་སྲིད་འཛིན་ཊོམ་གྱིས་ཁོང་གི་སྲིད་གཞུང་ལ་ཨ་རིའི་ནང་གི་ཁྲིམས་འགལ་གནས་སྤོ་བ་ཚོ་ཨ་རིའི་ནང་ནག་ཉེས་ཀྱི་བྱ་སྤྱོད་ལ་འཇུག་མིན་མ་ལྟོས་པར། ཚང་མ་བཀག་ཉར་ཁང་དུ་འཇུག་དགོས་པ་དང་རྗེས་སུ་ཕྱིར་གཏོང་དགོས་པའི་བཀའ་བཏང་ཡོད་པ་དང་། དེ་དང་འབྲེལ་ནས་ཨ་རིའི་རྒྱལ་ནང་བདེ་འཇགས་ལས་ཁང་གིས་ཡིག་ཆ་གསར་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་འདུག

ཡིག་ཆ་དེའི་ནང་ཨ་རིའི་ནང་ཁྲིམས་འགལ་གྱི་གནས་སྤོ་བ་ངོས་འཛིན་དང་འཇུ་བཟུང་བྱེད་མཁན་ལས་མི་གསར་པ་༡༠༠༠༠ གླ་རྒྱུ་དང་། ས་གནས་ཉེན་རྟོག་པ་རྣམས་ལ་ཁྲིམས་འགལ་གྱི་གནས་སྤོ་བ་འཇུ་བཟུང་གི་དབང་ཚད་སྤྲད་རྒྱུ། དེ་ཞིན་གནས་སྤོ་བ་དེ་དག་བཀག་ཉར་བྱེད་ཡུལ་གྱི་ལྟེ་གནས་ཁང་གསར་པ་མང་པོ་ཞིག་རྒྱག་རྒྱུ། དེ་དག་ཕྱིར་ཕུད་ཀྱི་བརྒྱུད་རིམ་མྱུར་དུ་གཏོང་རྒྱུ། ས་མཚམས་ཁག་སྲུང་མཁན་༥༠༠༠ གསར་དུ་བསྐོ་བཞག་བྱ་རྒྱུ། ཨ་རི་དང་མེག་སི་ཁོའི་ས་མཚམས་སུ་རྩིག་གྱང་རྒྱག་རྒྱུ་སོགས་འཁོད་ཡོད་འདུག འོན་ཀྱང་ད་ལྟའི་ཆར་སྲིད་འཛིན་ཊོམ་གྱིས་ལས་མི་གསར་པ་དེ་དག་དང་ཨ་རི་དང་མེག་སི་ཁོའི་ས་མཚམས་སུ་རྩིག་གྱང་རྒྱག་བར། འགྲོ་སོང་དངུལ་ཐེར་འབུམ་མང་པོ་འགྲོ་རྒྱུ་ཡིན་པ་རྣམས་ཁུངས་གང་ནས་ཡོང་རྒྱུ་ཡིན་སྐོར་བརྗོད་མེད་པ་རེད།

དེ་བཞིན་ནིའུ་ཡོག་དུས་བབ་སྟེང་གནས་ཚུལ་བཀོད་གསལ་ལྟར་ན། ལས་འཆར་དེ་རྒྱལ་ཁབ་གཞན་ནས་ཨ་རིར་ལོ་ཆུང་ཆུང་སྐབས་སུ་སླེབས་པ་རྣམས་ལ་དམིགས་མེད་ཀྱང་། གལ་སྲིད་དེ་ཚོ་ནག་ཉེས་ཀྱི་བྱ་སྤྱོད་ལ་ཞུགས་ཚེ་དཀའ་ངལ་འཕྲད་སྲིད་པ་རེད་འདུག

ཁྲིམས་གསར་དེའི་ནང་ས་གནས་ཀྱི་ཉེན་རྟོག་པར་ཁྲིམས་འགལ་གྱི་གནས་སྤོ་བ་འཇུ་བཟུང་སོགས་ཀྱི་དབང་ཚད་སྤྲད་རྒྱུའི་གནད་དོན་དེར་མོས་མཐུན་མི་བྱེད་མཁན་ས་གནས་དང་མངའ་སྡེ་ཁག་ཅིག་ཡོད་འདུག ནིའུ་ཡོག་སྤྱི་ཁྱབ་པས་མི་མང་གི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ར་འཕྲོད་བྱུང་ན་མ་གཏོགས། ཁུལ་དེའི་ཉེན་རྟོག་པ་རྣམས་གནས་སྤོ་བའི་ལས་བྱེད་ལ་འགྱུར་རྒྱུ་མིན་སྐོར་བརྗོད་ཡོད་འདུག

སྐུ་ཞབས་ཊོམ་གྱིས་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་སྐབས་གནས་སྤོ་བ་ཚོས། ཨ་རིའི་མི་སེར་གྱི་ལས་ཀ་འཕྲོག་གི་ཡོད་པ་དང་། ནག་ཉེས་ཀྱི་བྱ་བར་འཇུག་མཁན་ཕལ་ཆེ་བ་གནས་སྤོ་བ་རྣམས་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།