སྲིད་འཛིན་ཊོམ་གྱི་ཐག་གཅོད་ལས་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་རྒྱས་སྲིད་པ།

ཨ་རིའི་སྲིད་འཛིན་འདེམས་ཐོན་སྐུ་ཞབས་ཌོ་ནལ་ཊོམ་གྱིས་སྲིད་འཛིན་གྱི་ལས་ཉིན་དང་པོར། རྒྱལ་ཁབ་༡༢ བར་ལ་བཞག་པའི་ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ཚོང་འབྲེལ་གྲོས་མཐུན་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། གལ་ཏེ་དེ་ལྟར་དངོས་སུ་བྱུང་ཚེ་རྒྱལ་སྤྱིའི་ནང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་རྒྱས་སྲིད་པ་རེད་འདུག

15151539_1322768917746974_1008467211_nདེ་ཡང་ཟླ་འདིའི་ཚེས་༢༢ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༡ ཉིན་ཨ་རིའི་སྲིད་འཛིན་འདེམས་ཐོན་ཊོམ་གྱིས་སྲིད་འཛིན་གྱི་ལས་ཉིན་དང་པོར། རྒྱལ་ཁབ་༡༢ བར་ལ་བཞག་པའི་ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ཚོང་འབྲེལ་གྱི་གྲོས་མཐུན་ནས་ཕྱིར་འཐེན་བྱ་འདོད་ཡོད་པའི་ཡིག་ཆུང་ཞིག་གཏང་རྒྱུ་ཡིན་སྐོར་གྱི་བརྙན་ཐུང་ཞིག་བཀྲམ་ཡོད་འདུག དེའི་ནང་ཁོང་གིས་ཚོང་འབྲེལ་གྱི་གྲོས་མཐུན་དེ་ཨ་རིའི་རྒྱལ་ཁབ་ལ་ཉེན་ཁ་ཆེན་པོ་ཡོད་པས། དེ་ལས་ཕྱིར་འཐེན་བྱ་རྒྱུ་དང་། ཨ་རིའི་ནང་ལས་ཀ་དང་ཚོང་ལས་སྡེ་ཚན་སོགས་ནང་འདྲེན་བྱེད་ཐུབ་པའི་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་གྲོས་མཐུན་གཞན་འཇོག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཚོང་འབྲེལ་གྲོས་ཐུན་དེའི་ནང་ཨོ་སི་ཀྲོ་ལི་ཡ་དང་ཁེ་ན་ཀྲ། ཉི་ཧོང་། མ་ལེ་ཤི་ཡ། མེག་སི་ཀོ། པི་རུ། ཨ་རི། ཝི་ཏི་ནམ། བྷུ་རུ་ནི། ཅི་ལི། ནིའུ་ཛི་ལེན་ཀྲེ། སིང་གྷ་པུར་བཅས་ཚོགས་མི་ཡིན་པ་དང་། སྐུ་ཞབས་ཊོམ་གྱི་ཐག་གཅོད་དེ་ཁྱབ་བསྒྲགས་བྱས་རྗེས། ཉི་ཧོང་སྲིད་འཛིན་ཤཱིན་ཛོ་ཨ་བྷི་ཡིས། གལ་ཏེ་ཨ་རིས་ཕྱིར་འཐེན་བྱས་ཚེ་ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ཚོང་འབྲེལ་གྲོས་དོན་དེ་དོན་སྙིང་མེད་པ་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག དེ་བཞིན་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་སྐུ་ཞབས་མེལ་ཁོམ་ཀྲུན་སྦུལ་གྱིས། ཚོང་འབྲེལ་གྲོས་མཐུན་དེ་ལས་ཨོ་སི་ཀྲོ་ལི་ཡའི་ཚོང་ཟོག་མང་པོ་ཞིག་རྒྱལ་སྤྱིའི་ནང་ཕྱིར་འདྲེན་བྱེད་ཐུབ་ཀྱི་ཡོད་པས། རྒྱལ་ནང་གི་ཁེ་བཟང་ལ་བསྟུན་ནས་མུ་མཐུད་གྲོས་མཐུན་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དེ་ཡང་ཚོང་འབྲེལ་གྲོས་མཐུན་དེའི་ནང་རྒྱ་ནག་མེད་པ་དང་། དེ་ཡང་དེ་སྔོན་ཨ་རི་གཙོས་ཉི་ཧོང་གིས་གྲོས་མཐུན་གྱི་སྒྲིག་གཞི་མང་པོ་ཞིག་རྒྱ་ནག་མཉམ་ཞུགས་བྱ་ཐབས་མེད་པ་བཟོས་ནས། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་རྒྱས་པར་བཀག་འགོག་བྱེད་ཐབས་བྱས་པ་ཞིག་ཡིན་འདུག་ཀྱང་། གལ་ཏེ་ཨ་རིས་ཚོང་འབྲེལ་གྲོས་མཐུན་དེ་ལས་ཕྱིར་འཐེན་བྱས་ཚེ། རྒྱ་ནག་གིས་རྒྱ་གར་མེད་པ་དང་རྒྱ་ནག་ལྟེ་གནས་གཙོ་བོ་ཡིན་པའི་རྒྱལ་ཁབ་༢༡ ཚོགས་མི་ཡོད་པའི་ཨེ་ཤི་ཡའི་དང་། ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་བར་རང་དབང་ཚོང་འབྲེལ་གྱི་ལྷན་ཚོགས་ཞེས་པ་ཞིག་ཡོད་པ་དེ། ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ཚོང་འབྲེལ་གྲོས་མཐུན་ཚབ་བྱེད་པའི་ལས་འགུལ་སྤེལ་བཞིན་ཡོད་པ་དེ་ལམ་ལྷོང་བྱུང་ཚེ། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་རྒྱས་རྒྱུ་ཡིན་པ་རེད་འདུག

རྒྱ་ནག་གི་རྒྱལ་སྤྱིའི་འབྲེལ་བའི་སློབ་གཉེར་ཁང་གི་ཨ་རིའི་ཆེད་ལས་པ་སྐུ་ཞབས་ཌ་ཝི་ཡིས། ཨ་རིས་གྲོས་མཐུན་དེ་ལས་ཕྱིར་འཐེན་བྱས་པ་ནི་གོ་ལ་གཅིག་གྱུར་ལ་ངོས་ལེན་མ་བྱས་པ་ཡིན་པ་དང་། རྒྱ་ནག་ནི་གོ་ལ་གཅིག་གྱུར་ལས་ཁེ་བཟང་ཐོབ་མཁན་ཞིག་ཡིན་པས། རྒྱ་ནག་སེམས་ཚབ་ལངས་ཀྱི་ཡོད་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།