སྲིད་འཛིན་ཊོམ་གྱི་སྒེར་གྱི་ཁྲིམས་རྩོད་པར་“རྒྱ་ནད་”འགོས་ནས་སྨན་བཅོས་བྱེད་ཀྱི་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ཁོང་སྒེར་གྱི་ཁྲིམས་རྩོད་པ་གྷུ་ལི་ནི་(Rudolph W. Giuliani) ལ་“རྒྱ་ནད་འགོས་“ཡོད་པའི་ཕྱིར་བསྒྲགས་གནང་འདུག
ཕྱི་ཟླ་༡༢ པའི་ཨ་རིའི་ཚེས་༦ རེས་གཟའ་ཉི་མའི་ཉིན་སྲིད་འཛིན་ཊོམ་གྱིས་ཋོའུ་ཋར་དྲ་བ་བརྒྱུད་དེ་ཁོང་སྒེར་གྱི་ཁྲིམས་རྩོད་པ་ལ་“རྒྱ་ནད་འགོས་”འདུག་ཅེས་བསྒྲགས་པའི་ཐོག ཁོང་མྱུར་དུ་དྲག་སྐྱེད་ཡོང་བ་དང་། “ང་ཚོས་མུ་མཐུད་ལས་དོན་རྒྱུན་སྐྱོང་གི་ཡིན་”ཞེས་གསུངས་འདུག
ན་ནིང་ལོ་སྨད་ཙམ་ནས་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་གསར་པ་དེ་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO) ནས་Covid-19 ཞེས་པའི་མིང་ཞིག་བཏགས་ཏེ་ད་ལྟ་འཛམ་གླིང་གི་སྐྱེ་བོ་ཕལ་ཆེ་བས་མིང་བཀོལ་སྤྱོད་བྱེད་ཀྱི་ཡོད། ཡིན་ན་ཡང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱུན་དུ་“ནད་ཡམས་དེ་རྒྱ་ནག་ནས་ཡོང་བ་ཡིན་པས། རྒྱ་ནད་རེད་”ཅེས་གསུང་གི་ཡོད་པ་ལྟར། ད་ཐེངས་ཁོང་སྒེར་གྱི་ཁྲིམས་རྩོད་པར་ནད་ཡམས་དེ་འགོས་པའི་ཕྱིར་བསྒྲགས་བྱེད་སྐབས་ཀྱང་། ཁོང་གིས་“རྒྱ་ནད་”(China Virus) ཞེས་པའི་ཚིག་དེ་རང་བཀོལ་སྤྱོད་གནང་འདུག
དེ་སྔོན་ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་དཔོན་གནང་མྱོང་བའི་ཁྲིམས་རྩོད་པ་ཁོང་ལོ་༧༦ ཡིན་པས། ནད་ཡམས་ཀྱི་ཉེན་ཁ་ཆེ་བའི་གྲལ་དུ་ཚུད་འདུག་པ་དང་། ད་ལྟའི་ཆར་ཇོར་ཇི་སློབ་ཆེན་གྱི་གསོ་རིག་སྨན་ཁང་(Georgetown University Medical Centre) དུ་སྨན་བཅོས་བྱེད་པའི་སྒང་ཡིན་འདུག
ཨ་རིའི་སྲིད་འཛིན་ལས་ཐོག་ཊོམ་དང་། ཁོང་གི་འོས་བསྡུའི་ལས་འགུལ་བ་ཚོས་ཕྱི་ཟླ་༡༡ ཚེས་༣ ཉིན་བསྡུས་པའི་སྲིད་འཛིན་འོས་བསྡུ་ཆེན་མོའི་ནང་མང་གཙོ་ཚོགས་པས་གཡོ་བྱུས་ཚད་མེད་བཤམས་ཡོད་ཚུལ་བཤད་དེ་ད་དུང་ཡང་འོས་བསྡུའི་མཇུག་འབྲས་ཁས་ལེན་གནང་མེད་པ་མ་ཟད། གལ་འགངས་ཆེ་བའི་མངའ་སྡེ་ཁག་ལ་ཁྲིམས་གཏུགས་བྱས་ཏེ་འོས་བསྡུའི་བརྒྱུད་རིམ་དང་མཇུག་འབྲས་ལ་བསྐྱར་ཞིབ་བྱེད་ཀྱི་ཡོད།
སྐུ་ཞབས་གྷུ་ལི་ནི་ཁྲིམས་གཏུག་གི་ལས་འགུལ་དེའི་འགན་གཙོ་བོ་བཞེས་མཁན་གྱི་ཁྲིམས་རྩོད་པ་ཡིན་ཞིང་། ཁོང་གིས་འོས་བསྡུའི་ནང་གཡོ་བྱུས་བཤམས་པའི་དཔང་རྟགས་ཡོད་སྐོར་བཤད་ཡོད་ཀྱང་། ཁྲིམས་རྩོད་ནང་དཔང་རྟགས་དེ་དག་སྟོན་པའི་མོས་མཐུན་གནང་མི་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།