སྲིད་འཛིན་ཊོམ་གྱིས་ཁྲིམས་དཔོན་ལ་སྐྱོན་བརྗོད་བྱས་པ།
ཨ་རིའི་ནང་མ་རུང་བའི་གནས་ཚུལ་ཞིག་བྱུང་ན་དེ་ཁྲིམས་དཔོན་དང་ཁྲིམས་ཁང་གི་ལམ་ལུགས་ལ་ཐུག་ཡོད་ཅེས་སྲིད་འཛིན་ཊོམ་གྱིས་བརྗོད་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༦ ཉིན་སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཚེས་༥ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ནང་ “ཁྲིམས་དཔོན་ཞིག་གིས་ང་ཚོའི་རྒྱལ་ཁབ་འདི་འདྲའི་ཉེན་གནས་སུ་བསྐྱལ་བ་ནི་ཡིད་ཆེས་དཀའ་བ་ཞིག་རེད། གལ་ཏེ་མ་རུང་བའི་གནས་ཚུལ་ཞིག་བྱུང་ན་དེ་ཁྲིམས་དཔོན་དང་ཁྲིམས་ཁང་གི་ལམ་ལུགས་ལ་ཐུག་ཡོད།“ ཅེས་བསྒྲགས་ཡོད་འདུག དེ་བཞིན་ཁོང་གིས་“ངས་ས་མཚམས་ཀྱི་བདེ་སྲུང་མི་སྣ་ཁག་ལ་ང་ཚོའི་རྒྱལ་ཁབ་ཏུ་ཡོང་མཁན་ཚོར་ཞིབ་བཤེར་ནན་པོ་དགོས་པའི་བཀོད་ཇུས་བཏང་ཡོད། ཁྲིམས་དཔོན་ཚོས་ལས་ཀ་ཧ་ཅང་ཁག་པོ་བཟོ་ཡི་འདུག”ཅེས་བརྗོད་ཡོད་འདུག དེའི་རྒྱུ་མཚན་ནི། བདུན་ཕྲག་སྔོན་མའི་གཟའ་མཇུག་ཏུ་ཁྲིམས་དཔོན་ཇེམ་སི་རོ་བྷར་ཊི་ནས། མི་མང་ཤོས་ཁ་ཆེས་ཟིན་པའི་རྒྱལ་ཁབ་བདུན་ནས་ཉིན་ཞག་༩༠ ཡི་རིང་ལ་མི་སུ་ཡང་ཨ་རིར་ཡོང་མི་འཇུག་པ་དང་། ཉི་མ་༡༢༠ ཡི་རིང་ལ་སྐྱབས་བཅོལ་བ་གཅིག་ཀྱང་མི་ལེན་པ། དེ་བཞིན་དུས་ངེས་མེད་ཞིག་གི་རིང་ལ་སི་རི་ཡ་རྒྱལ་ཁབ་ནས་སྐྱབས་བཅོལ་བ་གཅིག་ཀྱང་ལེན་མི་ཆོག་པའི་སྲིད་འཛིན་ཊོམ་གྱི་བཀའ་རྒྱ་དེ། ཨ་རི་རྒྱལ་ཡོངས་སུ་གནས་སྐབས་ཤིག་གི་རིང་ལ་མཚམས་འཇོག་བྱེད་དགོས་པའི་ཐག་གཅོད་བྱས་པ་དེར་ཐུག་ཡོད་འདུག
ཕོ་བྲང་དཀར་པོ་དང་ཁ་ཐག་ཉེ་བའི་མི་རྣམས་ཀྱིས་ད་ཐེངས་སྲིད་འཛིན་གྱིས་ཁྲིམས་དཔོན་ལ་སྐྱོན་བརྗོད་བྱས་པ་དེས། ཟླ་འདིའི་ཕྱི་ཚེས་༡ ཉིན་སྲིད་འཛིན་ཊོམ་གྱིས་ཇོར་ཇི་ནིལ་གྷོ་སི་ཆི། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་གྱི་ལས་རོགས་སུ་མིང་འདོན་བྱས་ཡོད་པ་དེར། གྲོས་ཚོགས་ནང་ནས་རྒྱབ་སྐྱོར་རག་རྒྱུར་དཀའ་ཁག་ཞིག་བཟོས་ཡོད་སྐོར་བརྗོད་བཞིན་འདུག་ལ། ཡང་གཞུང་འབྲེལ་ལས་བྱེད་ཅིག་གིས། སྲིད་འཛིན་གྱིས་ཁྲིམས་དཔོན་ལ་སྐྱོན་བརྗོད་བྱས་པ་དེར་མི་སུ་ཡང་དགའ་ཡི་མ་རེད་ཅེས་བརྗོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།