སྲིད་འཛིན་ཊོམ་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཨ་རིའི་རོགས་དངུལ་གཏོང་མཚམས་འཇོག་རྒྱུ་ཡིན་ཞེས་བསྒྲགས་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་(WHO)ནས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་བཀག་འགོག་ཐོག་ལ་འཐུས་ཤོར་བཏང་བར་བརྟེན། ཚོགས་པ་དེར་རོགས་དངུལ་གཏོང་མཚམས་འཇོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག
(ཨ་རི།) ཕྱི་ཟླ་ ༤ ཚེས་ ༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ཨ་རིའི་སྲིད་འཛིན་ཊོམ་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་བཀག་འགོག་ཐོག་ལ་འཐུས་ཤོར་བཏང་བ་དེར་ཉིན་གྲངས་ ༦༠ ནས་ ༩༠ བར་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ཡིན་པ་དང་། དེའི་རིང་རྒྱལ་སྤྱིའི་འཕྲོད་བསྟེན་ཚོགས་པ་དེར་རོགས་དངུལ་གཏོང་མཚམས་འཇོག་རྒྱུ་ཡིན་ཞེས་བསྒྲགས་འདུག
ཨ་རིའི་རེས་གཟའ་མིག་དམར་ཉིན་ཕོ་བྲང་དཀར་པོར་བསྡུས་པའི་གསར་འགོད་གསལ་བསྒྲགས་དེའི་ཐོག ཁོང་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཐོག་ལ་འཐུས་ཤོར་ཚབས་ཆེན་བཏང་ཞིང་གནས་ཚུལ་སྦས་སྐུང་བྱས་ཡོད་པ་དང་། ཨ་རིས་གཏོང་ཕོད་ཀྱིས་བྱིན་པའི་རོགས་དངུལ་དེ་བེད་སྤྱོད་ལེགས་པོ་བཏང་ཡོད་མེད་སེམས་ཁྲལ་ཆེན་པོ་ཡོད་ཚུལ་གསུངས་པ་མ་ཟད། “གལ་སྲིད་ཁོ་ཚོ་ལ་བློ་འཁེལ་མི་ཐུབ་པ་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ང་ཚོ་ལ་རག་པ་དེ་འདི་ཡིན་ན། ང་ཚོའི་རྒྱལ་ཁབ་ཀྱིས་སྤྱི་བའི་འཕྲོད་བསྟེན་ཆེད་དུ་རྒྱལ་ཁབ་གཞན་དང་མཉམ་ལས་བྱེད་པའི་ཐབས་ལམ་གཞན་དག་མི་འཚོལ་ཀ་མེད་ཆགས་ཡོད་”ཅེས་གསུངས་འདུག
ད་ཐེངས་ཀྱི་ཐག་གཅོད་འདི་དང་འབྲེལ་བའི་ཐོག་ལ། སྲིད་འཛིན་ཊོམ་གྱིས་བདུན་ཕྲག་སྔོན་མར་ཋོའུ་ཋར་དྲ་བའི་ཐོག་ཏུ་རྩོམ་ཐུང་ཞིག་སྤེལ་བའི་ནང་། “འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་དངོས་གནས་འཐུས་ཤོར་བཏང་བ་རེད། རྒྱུ་མཚན་ཅི་ཡིན་མི་ཤེས་ཀྱང་། རོགས་དངུལ་ཕལ་ཆེ་བ་ཨ་རིས་བཏང་ན་ཡང་། རྒྱ་ནག་ལ་ཤིན་ཏུ་ཕྱོགས་པ་ཞིག་ཡིན་”ཞེས་སྐྱོན་བརྗོད་གནང་འདུག
ཨ་རིས་ལོ་སྔོན་མར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་བཏང་བའི་རོགས་དངུལ་དེ་ཨ་སྒོར་ས་ཡ་ ༤༠༠ ལྷག་ཡིན་འདུག་ཅིང་། རྒྱ་ནག་གིས་ཚོགས་པ་དེར་ཨ་སྒོར་ས་ཡ་ ༣༠ ལྷག་ལས་བཏང་ཡོད་མི་འདུག
སྲིད་འཛིན་ཊོམ་གྱིས་རྒྱལ་སྤྱིའི་འཕྲོད་བསྟེན་ཚོགས་པ་ཆེ་ཤོས་ལ་ནད་ཡམས་ཀྱི་ཛ་དྲག་དུས་ཚོད་སྐབས་དེ་ལྟར་རོགས་དངུལ་གཏོང་མཚམས་འཇོག་པའི་ཐག་བཅད་པ་དེར་ཞིབ་ཕྲའི་རྒྱུ་མཚན་འགའ་དྲངས་འདུག་པའི་ཁྲོད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་དུས་ཐོག་ཏུ་ཕྱི་གསལ་ནང་གསལ་གྱི་སྒོ་ནས་གནས་ཚུལ་མཁོ་བསྡུ་དང་བརྒྱུད་སྤེལ་མ་ཐུབ་སྟེ་གཞི་རྩའི་ལས་འགན་འཐུས་ཤོར་བཏང་སྟབས། ངེས་པར་ངན་ཁག་འཁུར་དགོས་པ་དང་།ཕྱི་ཟླ་ ༡ ནང་ནད་ཡམས་དེ་འགྲོ་བ་མི་ནས་མི་ལ་འགོས་པའི་དཔང་རྟགས་གསལ་པོ་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་རྒྱ་ནག་ལ་བསྟུན་ཐབས་ཀྱིས་དེ་ལྟར་མིན་ཚུལ་བསྒྲགས་པ། དུས་ཐོག་ཏུ་ནད་ཡམས་དེ་འཛམ་གླིང་ཡོངས་ཁྱབ་ཀྱི་ནད་ཡམས་ཡིན་པའི་གསལ་བསྒྲགས་མ་བྱས་པར་ཕར་འགྱངས་བྱས་པས། རྩ་ཆེའི་དུས་ཚོད་མང་པོ་ཞིག་བརླགས་པ། ད་ལྟ་བར་དུ་ཚོགས་པ་དེས་ནད་འབུའི་དཔེ་མཚོན་(Virus samples)མཁོ་སྒྲུབ་བྱེད་མ་ཐུབ་པ་དེས་ཚན་རིག་པ་ཚོར་[ནད་ཡམས་ཀྱི་]གལ་ཆེའི་གནས་ཚུལ་ཤེས་རྟོགས་བྲལ་བ་བཟོས་ཡོད་པ། དེ་བཞིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ངོས་ནས་སོ་སོའི་ནོར་འཁྲུལ་མང་པོ་འདི་དག་ངོས་ལེན་བྱེད་པའི་གསལ་བཤད་ཡག་པོ་གཅིག་ཀྱང་བྱས་མེད་པ་སོགས་ཡོད་འདུག།
གསར་འགོད་པ་དཀོན་མཆོག་རབ་བརྟན།