སྲིད་འཛིན་ཊོམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་འགན་འཛིན་གནས་རིམ་བཅག་འདུག
ཨ་རིའི་སྲིད་འཛིན་འོས་བསྡུའི་བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་ཁག་ཏུ། སྲིད་འཛིན་ཊོམ་ལ་ཐེངས་མང་པོར་རྒྱབ་སྐྱོར་བྱེད་མཁན་ཉུང་བ་ཡོད་པ་ཐོན་བཞིན་ཡོད་པས། སྲིད་འཛིན་ཊོམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་འགན་འཛིན་གྱི་གནས་རིམ་བཅག་ནས་འགན་འཛིན་གསར་པ་ཞིག་བསྐོ་གཞག་བྱས་འདུག
ཟླ་༧ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༥ ཉིན་ཨ་རིའི་ནང་གི་རྒྱལ་ཡོངས་བསམ་ཤོག་བསྡུ་ལེན་གཉིས་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱས་འདུག་པ་དང་། གཅིག་ནང་དེབ་སྐྱེལ་བྱས་པའི་འོས་འཕེན་པ་བརྒྱ་ཆ་༥༢ ཡིས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་ལ་འོས་ཤོག་འཕེན་རྒྱུ་ཡིན་འདུག་པ་དང་། བརྒྱ་ཆ་༣༧ གྱིས་སྲིད་འཛིན་ཊོམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་འདུག དེ་བཞིན་རྒྱལ་ཡོངས་བསམ་ཤོག་བསྡུ་ལེན་གཞན་ཞིག་གི་གྲུབ་དོན་དུ། བརྒྱ་ཆ་༥༡ གིས་ཇཱོ་བྷེ་ཌན་དང་བརྒྱ་ཆ་༤༠ ཡིས་ཊོམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་འདུག་པས། བསམ་ཤོག་བསྡུ་ལེན་དེ་གཉིས་ཀའི་གྲུབ་དོན་དུ་ཊོམ་གྲངས་གནས་གཉིས་ཀྱི་ཐོག་རྗེས་སུ་ལུས་ཡོད་པ་དང་སྦྲགས། སྲིད་འཛིན་ཊོམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་འགན་འཛིན་གསར་པ་ཞིག་བསྐོ་གཞག་བྱེད་རྒྱུ་ཐག་གཅོད་བྱས་ཡོད་འདུག
དེ་སྔོན་གྱི་ལས་འགུལ་འགན་འཛིན་(Parscale) ནི་ཕྱི་ལོ་༢༠༡༦ ལོར་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་འོས་བསྡུར་མཉམ་ཞུགས་མ་བྱས་པའི་སྔོན་ཚུད་ནས། ཊོམ་གྱི་ནང་མིའི་འོག་ཏུ་ལས་ཀ་བྱེད་མཁན་ཡིན་འདུག་པ་དང་། ༢༠༡༦ ལོའི་སྲིད་འཛིན་འོས་བསྡུ་སྐབས་སུ་གྲངས་ཐོ་དཔྱད་ཞིབ་རུ་ཁག་གི་འགན་འཛིན་བྱས་འདུག་པ་དང་། ཊོམ་ལ་སྲིད་འཛིན་གྱི་རྒྱལ་ཁབ་ཐོབ་རྗེས། ཕྱི་ལོ་༢༠༡༨ ལོར་ཊོམ་གྱིས་ཕྱི་ལོ་༢༠༢༠ ལོའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་འགན་འཛིན་དུ་ཁོང་བསྐོ་གཞག་བྱས་འདུག འོན་ཀྱང་ཉེ་ཆར་ཟླ་༦ པའི་ནང་སྲིད་འཛིན་ཊོམ་གྱིས་མི་མང་ལ་གཏམ་བཤད་བྱེད་པའི་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་དང་པོར། དྲིལ་བསྒྲགས་འགན་འཛིན་གྱིས་དྲ་ཐོག་ཏུ་མི་མང་ས་ཡ་གཅིག་ཙམ་གྱིས་དེབ་སྐྱེལ་བྱས་ཡོད་སྐོར་བརྗོད་ཀྱང་། མི་མང་༦༠༠༠ ལྷག་མ་གཏོགས་མ་སླེབས་ནས་གནད་དོན་ཆེན་པོ་ཆགས་ཡོད་པར་བརྟེན། སྲིད་འཛིན་ཊོམ་གྱིས་དྲིལ་བསྒྲགས་འགན་འཛིན་གྱི་འཐུས་ཤོར་ལ་ངོས་འཛིན་གྱིས་གདེང་འཇོག་བརླག་ཡོད་པའི་གནས་ཚུལ་ཡོད་འདུག འོན་ཀྱང་སྲིད་འཛིན་ཊོམ་གྱིས་དྲིལ་བསྒྲགས་འགན་འཛིན་རྙིང་པ་དེ་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་གྱི་སློབ་སྟོན་པ་རྒན་པར་བསྐོ་གཞག་བྱས་འདུག
འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་འགན་འཛིན་གསར་པ་(Bill Stepien)ནི་དེ་སྔོན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་གཉིས་ཀྱི་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་ནང་འགན་ཆེན་པོ་ཁུར་མྱོང་འདུག་པ་དང་། ཕྱི་ལོ་༢༠༡༦ ལོར་ཊོམ་གྱི་རུ་ཁག་ནང་ལས་ཀ་བྱེད་མགོ་བཙུགས་ཡོད་འདུག
སྲིད་འཛིན་ཊོམ་ལ་སེམས་འཚབ་སྐྱེས་དགོས་པའི་རྒྱུ་མཚན་གཅིག་ནི། ཨ་རིའི་ཆབ་སྲིད་ནང་བར་མའི་མངའ་སྡེ་ཁག་ཅིག་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོར་ཊོམ་ལ་མངའ་སྡེ་དེ་དག་ནས་རྒྱལ་ཁ་ཐོབ་རྐྱེན་ཁོང་ལ་སྲིད་འཛིན་གྱི་འོས་བསྡུ་རྒྱལ་ཁ་ཐོབ་ཡོད་ཀྱང་། བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་ཁྲོད་དུ་བར་མའི་མངའ་སྡེ་དེ་དག་ནས་ཁོང་ལ་རྒྱབ་སྐྱོར་ཉུང་བ་ཡོད་པ་ཐོན་ཡོད་འདུག་པས། འོས་བསྡུའི་རྒྱལ་ཁ་ཐོབ་པར་མངའ་སྡེ་དེ་དག་ནས་རྒྱལ་ཁ་ངེས་པར་དུ་ཐོབ་དགོས་ཀྱི་ཡོད་པ་རེད། འོན་ཀྱང་བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་དེ་དངོས་ཡོད་ཀྱི་གནས་སྟངས་ཡིན་པ་བརྗོད་ཐབས་བྲལ་བ་ཡིན་འདུག གང་ཡིན་ཟེར་ན་ཕྱི་ལོ་༢༠༡༦ ལོར་བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་དང་དཔྱད་བརྗོད་པ་མང་པོ་ཞིག་གིས། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧི་ལ་རཱི་ལ་རྒྱལ་ཁ་ཐོབ་རྒྱུ་ངེས་གཏན་ཡིན་པ་བརྗོད་ཡོད་ཀྱང་། མཐའ་མ་དེར་ཊོམ་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།