སྲིད་འཛིན་ཊོམ་གྱིས་རྒྱ་ནག་ལ་སྒོ་ཁྲལ་གསར་པ་འཇོག་པའི་འཇིགས་སྐུལ། 

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཁོང་གིས་འབད་བརྩོན་ཆེན་པོས་ལེགས་འགྲུབ་བྱུང་བའི་ཚོང་འབྲེལ་གྲོས་མཐུན་དེ་ད་ཆ་གལ་ཆུང་ཆགས་ཡོད་ཚུལ་གསུངས་འདུག 

ཕྱི་ཟླ་ ༥ ཚེས་ ༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་རེས་གཟའ་ཕུར་བུའི་ཉིན་འཛམ་གླིང་ཡོངས་སུ་ཁྱབ་པའི་ནད་ཡམས་ཀྱི་འབྱུང་ཁུངས་དེ་ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་བརྟག་དཔྱད་ཁང་ཞིག་ཡིན་པའི་དཔང་རྟགས་མཐོང་བྱུང་ཚུལ་བརྗོད་པ་མ་ཟད། རྒྱ་ནག་ལ་སྒོ་ཁྲལ་གསར་པ་འཇོག་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་གནང་ཡོད་འདུག 

འཇིགས་སྐུལ་འདི་མ་བྱུང་བའི་ཉིན་གཅིག་གི་སྔོན་ཏེ། རེས་གཟའ་ལྷག་པའི་ཉིན་ཁོང་གིས་བསླེབ་ལ་ཉེ་བའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་ཁོང་ཕམ་པར་བཟོ་བའི་ཆེད་དུ་པེ་ཅིང་ནས་ཅི་ཡང་བྱེད་སྲིད་པ་དང་། ཡོངས་ཁྱབ་ཀྱི་ནད་ཡམས་འདི་དེའི་དཔང་རྟགས་ཡིན་ཚུལ་གསུངས་ཡོད་འདུག 

ཁོང་གིས་འབད་བརྩོན་ཆེན་པོས་ལེགས་འགྲུབ་བྱུང་བའི་ཨ་རྒྱའི་ཚོང་འབྲེལ་གྲོས་མཐུན་དེ་ད་ལྟ་ནད་ཡམས་དང་བསྡུར་ན་གལ་ཆུང་ཆགས་ཡོད་ཚུལ་གསུངས་ཡོད་འདུག་སྟེ། ཁོང་གིས་གསར་འགོད་པ་ཚོར་“ང་ཚོས་རྒྱ་ནག་གིས་[ཨ་རིའི་ཐོན་རྫས་]མང་པོ་ཞིག་ཉོ་དགོས་པའི་གྲོས་མཐུན་བཞག་ཡོད་རེད་ལ། དོན་དངོས་ཐོག་ཁོ་ཚོས་མང་པོ་ཞིག་ཉོས་དང་ཉོ་བཞིན་ཡོད།ཡིན་ན་ཡང་། ད་ལྟ་ནད་ཡམས་བྱུང་བས་དེ་གལ་ཆུང་ཆགས་ཡོད། ནད་ཡམས་ཀྱི་གནས་སྟངས་འདི་ངོས་ལེན་བྱེད་ཐབས་བྲལ་བ་ཞིག་རེད་”ཅེས་བརྗོད་ཡོད་འདུག 

སྲིད་འཛིན་ཁོང་ལ་ནད་ཡམས་ཀྱི་འབྱུང་ཁུངས་དེ་ཝུའུ་ཧན་ནད་འབུ་བརྟག་དཔྱད་ཁང་ཡིན་པའི་དཔང་རྟགས་ཡིད་རྟོན་རུང་བ་འདྲ་གཟིགས་ཡོད་མེད་དྲིས་པ་ན། ཁོང་གིས་“ཡོད་ཡོད།ངས་མཐོང་ཡོད་”ཅེས་གསུངས་འདུག་ཀྱང་། དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཐད་ལ་ཁོང་གིས་“ངས་དེ་བཤད་ཐབས་མེད་”ཅེས་བརྗོད་པའི་ཐོག “ངས་དེ་བཤད་མི་ཆོག་”ཅེས་བསྣན་ཡོད་འདུག 

རྒྱ་ནག་གཞུང་གིས་གཉེར་བའི་ཝུའུ་ཧན་ནད་འབུ་བརྟག་དཔྱད་ཁང་གིས་ནད་ཡམས་དེའི་འབྱུང་ཁུངས་ཁོ་ཚོ་མ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང་། ཕྱིའི་ཆེད་ལས་པ་རྣམས་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཡོང་དུ་འཇུག་གི་མེད་པའི་ཐོགད་བར་ནད་འབུ་དེ་ཐོག་མར་གང་ནས་བྱུང་བར་ཁུངས་སྐྱེལ་ར་སྤྲོད་སུ་གཅིག་གིས་ཐུབ་མེད་སྟབས། ནད་འབུ་དེ་གཅན་གཟན་ཁྲོམ་ར་ནས་བྱུང་བ་ཞིག་ཡིན་མིན་ལ་ཐེ་ཚོམ་དང་། མིས་བཟོས་པ་ཞིག་ཡིན་པའི་དོགས་པ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག 

དེ་མིན་ད་དུང་། མིང་བརྗོད་འདོད་མེད་པའི་ཨ་རིའི་གཞུང་འབྲེལ་མི་སྣ་གཉིས་ཀྱིས་ཨ་རིས་ངོས་ནས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ཐབས་བྱུས་སྣ་ཚོགས་ཤིག་གྲོས་བསྡུར་བྱེད་ཀྱིན་པའི་སྒང་ཡིན་པ་དང་། དེ་དག་གི་ཁྲོད་དུ་ཨ་རིས་རྒྱ་ནག་ལ་ཆད་པའི་བུ་ལོན་ཕོན་ཆེན་ཞིག་པེ་ཅིང་ལ་ཉེས་ཆད་ཀྱི་ཚུལ་དུ་སྤྲོད་མཚམས་འཇོག་སྲིད་པའང་འདུས་ཡོད་ཚུལ་བཤད་འདུག། 

གསར་འགོད་པ་དཀོན་མཆོག་རབ་བརྟན།