སྲིད་འཛིན་ཊོམ་གྱིས་རྒྱ་ནག་ལ་རྒྱལ་ཁ་ཆེན་པོ་ཞིག་སྤྲད་པ་རེད་ཟེར།
ཨེ་ཤི་ཡའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཤུགས་ཆེ་རུ་འགྲོ་བཞིན་ཁར། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱལ་ཁབ་༡༢ ལས་གྲུབ་པའི་ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ཚོང་འབྲེལ་གྲོས་མཐུན་ལས། ཨ་རི་ཕྱིར་འཐེན་བྱེད་རྒྱུ་སྲིད་འཛིན་གྱིས་མིང་རྟགས་བཀོད་ནས་བཀའ་རྒྱ་བཏང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༤ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། ཕྱི་ཚེས་༢༣ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་དེ་སྔོན་འོས་བསྡུའི་ཁྱབ་བསྒྲགས་སྐབས་ཁས་ལེན་བྱས་པ་ལྟར། རྒྱལ་ཁབ་༡༢ ལས་གྲུབ་པའི་ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ཚོང་འབྲེལ་གྲོས་མཐུན་ལས། ཨ་རི་ཕྱིར་འཐེན་བྱེད་རྒྱུ་སྲིད་འཛིན་གྱིས་མིང་རྟགས་བཀོད་ནས་བཀའ་རྒྱ་བཏང་ཡོད་པ་དང་། དེའི་སྐོར་ཁོང་གིས་“ང་ཚོའི་རྒྱལ་ཁབ་ཀྱི་ཚོང་ལས་ཁང་དང་། ལས་མིའི་ལས་ཀ་སོགས་ཕྱི་རོལ་དུ་འཁྱེར་བའི་ཚོང་འབྲེལ་གྲོས་མཐུན་བྱབ་ཆུང་དེ་ཚོ་ནས་ཕྱིར་འཐེན་བྱེད་ཀྱི་ཡིན།”ཞེས་ཨ་རིའི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་བྱས་སྐབས་བརྗོད་ཡོད་འདུག
ཡང་ཁོང་གིས་“རྒྱལ་ཁབ་གཅིག་གཅིག་དང་མཉམ་དུ་ཚོང་འབྲེལ་གྲོས་མཐུན་ཟུར་དུ་འཇོག་ཐབས་བྱེད་རྒྱུ་དང་། དེའི་ནང་གལ་ཏེ་རྒྱལ་ཁབ་གང་རུང་ཞིག་གིས་སྤྱོད་པ་སློག་ཚེ། ཉིན་ཞག་༣༠ ནང་ཚུན་ལ་ཨ་མི་རི་ཁས་རྒྱལ་ཁབ་དེ་དང་ཚོང་འབྲེལ་གྲོས་མཐུན་མཚམས་འཇོག་བྱེད་རྒྱུའི་ཆ་རྐྱེན་ཡོད་པ་བཟོ་རྒྱུ་ཡིན་”ཞེས་བརྗོད་ཡོད་འདུག
ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ཚོང་འབྲེལ་མཐུན་ཚོགས་དེ་ནི་སྲིད་འཛིན་ཟུར་པ་ཨོ་བྷ་མས་ཨེ་ཤི་ཡའི་ཕྱོགས་སུ་ཨ་རིའི་ཤུགས་རྐྱེན་རྒྱ་བསྐྱེད་གཏོང་བྱེད་ཀྱི་ཐབས་ལམ་གཙོ་བོ་ཞིག་ཏུ་རློམ་ཡོད་རུང་། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ད་བར་ཚོང་འབྲེལ་གྲོས་མཐུན་དེར་མོས་མཐུན་བྱས་མེད་འདུག
ཡང་དཔྱད་ཞིབ་པ་ཚོས་ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ཚོང་འབྲེལ་གྲོས་མཐུན་ནས་ཨ་རི་ཕྱིར་འཐེན་བྱས་པ་ལ་བརྟེན་ནས། ཨེ་ཤི་ཡའི་ཕྱོགས་སུ་ཨ་རིའི་ཤུགས་རྐྱེན་ཆུང་དུ་འགྲོ་བ་དང་། རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་སོང་ནས་རྒྱ་ནག་ལ་ཁེ་ཕན་ཐོབ་རྒྱུ་ཡིན་ཚུལ་བརྗོད་བཞིན་ཡོད་པ་དང་། ཁག་ཅིག་གིས་རྒྱ་ནག་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པ་ཞིག་ཡིན་སྐོར་བརྗོད་བཞིན་འདུག
ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་ཚོང་འབྲེལ་མཐུན་ཚོགས་ནི། ཕྱི་༢༠༡༥ ཟླ་༨ ཚེས་༥ ཉིན་ནིའུ་ཛི་ལན་ཌི་རུ་གསར་འཛུགས་བྱས་པ་དང་། མཐུན་ཚོགས་ཀྱི་ཚོགས་མི་རུ་གྱུར་པའི་རྒྱལ་ཁབ་ཁག་ནི། ཨོ་སི་ཊོ་ལི་ཡ་དང་། བྷ་རུ་ནེ། ཁེ་ན་ཌ། ཅེ་ལེ། ཉི་ཧོང་། མ་ལེ་ཤི་ཡ། མེག་སི་ཁཱོ། ནིའུ་ཛི་ལན་ཌི། པི་རུ། སིང་གྷ་པུར། ཨ་རི། ཝེ་ཏི་ནམ་བཅས་ཡིན་འདུག་པ་མ་ཟད། ཚོང་ལས་མཉམ་འབྲེལ་དེས་འཛམ་གླིང་གི་ཚོང་ལས་ཡོང་འབབ་བརྒྱ་ཆ་༤༠ ཙམ་བཟུང་ཡོད་སྐོར་འདུག
ཕྱི་ལོ་༢༠༡༦ ཟླ་བ་༢ ཚེས་༤ ཉིན་གོང་གསལ་རྒྱལ་ཁབ་༡༢ ཀྱི་འཐུས་མི་འཛོམས་ཏེ་གྲོས་མཐུན་དེར་མོས་མཐུན་གྱིས་མིང་རྟགས་བཀོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།