སྲིད་འཛིན་ཊོམ་གྱིས་ཧོང་ཀོང་གི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་འཆར་གཉིས་ལ་མཚན་རྟགས་བསྐྱོན།

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཕྱི་ཟླ་༧ ཨ་རིའི་ཚེས་༡༤ ཉིན་ཨ་རིའི་ངོས་ནས་ད་བར་ཧོང་ཀོང་གྲོང་ཁྱེར་ལ་དམིགས་བསལ་གྱི་ཐོབ་ཐང་སྤྲོད་བཞིན་ཡོད་པ་རྣམས་མཚམས་འཇོག་རྒྱུའི་བཀའ་རྒྱ་ལ་དངོས་སུ་མཚན་རྟགས་བསྐྱོན་པ་དང་།  ད་ནས་བཟུང་ཧོང་ཀོང་“རྒྱ་ནག་སྐམ་ས་ཆེན་མོ་དང་གཅིག་མཚུངས་”སུ་བརྩི་རྒྱུ་ཡིན་ཞེས་གསུངས་འདུག

དེ་མིན་ད་དུང་ཁོང་གིས་ཧོང་ཀོང་གི་རང་དབང་རྡོག་རོལ་གཏོང་མཁན་གྱི་དཔོན་པོ་རྣམས་དང་། དཔོན་པོ་དེ་དག་དང་ལྷན་དུ་ཚོང་ལས་གཉེར་མཁན་གྱི་དངུལ་ཁང་རྣམས་ལ་ཉེས་ཆད་གཅོད་པའི་ཁྲིམས་འཆར་ལའམ་མཚན་རྟགས་བཀོད་པས། ཁྲིམས་འཆར་དེ་ཡང་དངོས་སུ་ཨ་རིའི་ཁྲིམས་ཆགས་ཡོད་འདུག 

ཕོ་བྲང་དཀར་པོར་བསྡུས་པའི་གསར་འགོད་གསལ་བསྒྲགས་དེའི་ཐོག གསར་འགོད་པ་ཞིག་གིས་སྲིད་འཛིན་ཊོམ་ལ་རྒྱ་ནག་གི་སྲིད་འཛིན་དང་གླེང་མོལ་བྱེད་འདོད་ཡོད་མེད་དྲིས་པར། ཁོང་གིས་ཞི་ཅིན་ཕིང་དང་གླེང་མོལ་བྱེད་པའི་འཆར་གཞི་མེད་ཅེས་གསུངས་པ་མ་ཟད། “ང་ཚོས་རྒྱ་ནག་ལ་ནད་ཡམས་སྦས་སྐུང་བྱས་ཏེ་འཛམ་གླིང་ལ་བཏང་བའི་འགན་ཡོངས་རྫོགས་འཁུར་དགོས་རྗོད་ཀྱིན་ཡོད་”ཅེས་གསུངས་འདུག 

ད་ལྟའི་ཆར་ཊོམ་སྲིད་གཞུང་ནས་སྔོན་ཆད་གཏན་ནས་བྱུང་མྱོང་མེད་པའི་ཐོག་ནས་རྒྱ་ནག་ལ་ཕྱོགས་ཐམས་ཅད་ནས་མཐའ་གཅིག་ཏུ་ཁ་གཏད་གཅོག་བཞིན་པའི་སྒང་ཡིན་འདུག་སྟེ། ཕྱི་ཟླ་༧ ཚེས་༡༣ ཉིན་ཨ་རིའི་གཞུང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གིས་བདག་དབང་རྩོད་ལེན་བྱེད་ཀྱིན་པ་ཕལ་ཆེ་བ་ཁྲིམས་འགལ་ཡིན་པའི་གསལ་བསྒྲགས་སྤེལ་བ་མ་ཟད། བདུན་ཕྲག་གོང་མར་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གི་དཔོན་པོ་བཞི་ལ་ཉེས་ཆད་ཀྱང་བཅད་ཡོད། 

རྒྱ་ནག་གིས་དུས་རྒྱུན་ལྟར་ཨ་རིའི་བྱ་སྤྱོད་གསར་ཤོས་དེ་ནི་“ནང་ལོགས་ཀྱི་གནད་དོན་ལ་ཐེ་བྱུས་”བྱས་པ་ཞིག་ཡིན་སྐོར་བཤད་དེ་སྐྱོན་བརྗོད་ཆེན་པོ་བྱས་པའི་ཐོག ཨ་རིའི་ཕྱོགས་ནས་“ནོར་འཁྲུལ་ཡོ་བསྲང་”བྱེད་དགོས་པ་དང་། “རྒྱ་ནག་ནང་ལོགས་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་མཚམས་འཇོག་དགོས་”ཞེས་བཤད་པ་དང་། གལ་སྲིད་དེ་ལྟར་མ་བྱས་ན་ཡ་ལན་དྲག་པོ་སློག་རྒྱུའི་ཉེན་བརྡ་བཏང་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།