སྲིད་འཛིན་ཊོམ་གྱིས་ཨ་རིའི་ནང་ཁྲིམས་འགལ་ངང་འཛུལ་མཁན་རྣམས་ཕྱིར་འབུད་གཏོང་བཞིན་ཡོད་འདུག

མེག་སི་ཀོ་ནས་ཨ་རིར་ཁྲིམས་འགལ་གྱིས་འཛུལ་མཁན་ས་ཡ་བཞི་ཟིན་ནས་མང་ཤོས་སུ་གྱུར་ཡོད་པ་མ་ཟད། རྒྱ་གར་ནས་ཁྲིམས་འགལ་ངང་ཨ་རི་ལ་འཛུལ་མཁན་འབུམ་བདུན་ལྷག་ཟིན་ནས་ཨ་རི་ལ་ཁྲིམས་འགལ་ངང་འཛུལ་མཁན་མང་ཤོས་གསུམ་པ་དེ་གྱུར་ཡོད་འདུག སྲིད་འཛིན་ཊོམ་གྱིས་ཨ་རིའི་ནང་ཁྲིམས་འགལ་ངང་འཛུལ་ཡོད་པ་རྣམས་ཕྱིར་འབུད་གཏོང་བཞིན་པ་ལྟར། ད་བར་མི་གྲངས་གཅིག་སྟོང་ལྷག་འཛིན་བཟུང་བྱས་ཡོད་པ་མ་ཟད། ཊོམ་གྱིས་ཉེན་བརྡ་བཏང་བར་བརྟེན། ཀོ་ལོམ་བྷི་ཡས་ཨ་རིའི་ཕྱིར་འབུད་གཏོང་རྒྱུའི་མི་སེར་དག་ལེན་རྒྱུའི་ཁས་ལེན་བྱེད་དགོས་བྱུང་ཡོད་འདུག

པར། བྷི་བྷི་སི།

ཟླ་འདིའི་ཚེས་༢༧ ཉིན་རྒྱལ་སྤྱིའི་གསར་གྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཀོ་ལོམ་བྷི་ཡ་ནས་ཁྲིམས་འགལ་ངང་ཨ་རི་ལ་འཛུལ་ཡོད་པ་རྣམས་ཨ་རིའི་དམག་གི་གནམ་གྲུ་༢ བརྒྱུད་ཀོ་ལོམ་བྷི་ཡ་ལ་བསྐྱལ་རྒྱུ་བྱས་ཀྱང་། ཀོ་ལོམ་བྷི་ཡས་གནམ་གྲུ་འབབ་རྒྱུའི་ཆོག་མཆན་མ་སྤྲད་པར་བརྟེན། ཨ་རིའི་སྲིད་འཛིན་ཊོམ་གྱིས་སྤྱི་ཚོགས་དྲྭ་རྒྱ་(Truth Social Network) ཞེས་པའི་སྟེང་། ཀོ་ལོམ་བྷི་ཡའི་སྲིད་འཛིན་གྱི་བཀའ་ལ་བརྟེན། ཨ་རིའི་གནམ་གྲུ་གཉིས་འབབ་རྒྱུའི་ཆོག་མཆན་ཐོབ་མེད་པ་དང་། ཁོང་ནི་ད་ལྟ་རང་གི་མི་མང་གི་ཁྲོད་ནས་མི་དགའ་བ་བྱེད་མི་མང་པོ་ཡོད་མཁན་ཞིག་ཡིན་ཞིང་། གནམ་གྲུ་དང་ལེན་མ་བྱས་པ་དེས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མང་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་པ་སོགས་བརྗོད་ནས། ཊོམ་གྱིས་ཀོ་ལོམ་བྷི་ཡ་ནས་ཨ་རི་ལ་ནང་འདྲེན་བྱེད་པའི་དངོས་ཟོག་ཡོངས་ལ་ཛ་དྲག་གི་ཚོང་ཁྲལ་བརྒྱ་ཆ་༢༥% འགེལ་རྒྱུ་དང་། བདུན་ཕྲག་གཅིག་གི་རྗེས་སུ་ཚོང་ཁྲལ་བརྒྱ་ཆ་༢༥% ནས་༥༠% ལ་སྤར་རྒྱུ། ཀོ་ལོམ་བྷི་ཡའི་གཞུང་གི་དཔོན་རིགས་དང་རྒྱབ་སྐྱོར་བ། མཐུན་ཕྱོགས་བཅས་ཀྱི་མཐོང་མཆན་འཕྲལ་དུ་ཕྱིར་བསྡུ་བྱེད་རྒྱུ། ཀོ་ལོམ་བྷི་ཡའི་ཆབ་སྲིད་ཚོགས་པའི་ཚོགས་མི་ཀུན་དང་ནང་མི། སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མའི་མཐོང་མཆན་ལ་དམ་དྲག་བྱེད་རྒྱུ་ཡིན་ཞེས་སྤེལ་རྗེས། ཀོ་ལོམ་བྷི་ཡའི་སྲིད་འཛིན་གྱིས་ཐོག་མར་ཨ་རིའི་དངོས་ཟོག་ཐོག་ལ་ཡང་སྒོ་ཁྲལ་བརྒྱ་ཆ་༢༥% སྤར་རྒྱུ་དང་། གལ་སྲིད་ཨ་རིས་མུ་མཐུད་དམ་དྲག་དང་བཀག་སྡོམ་བྱས་ཚེ། དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༥༠% ལ་སྤར་རྒྱུ་ཡིན་ཞེས་ཨིག་སི་དྲྭ་རྒྱའི་ཐོག་སྤེལ་ནས་ཨ་རི་ལ་ལན་བསློགས་ཡོད་ཀྱང་། རྗེས་སུ་ཨ་རིའི་ཕོ་བྲང་དཀར་པོས། ཀོ་ལོམ་བྷི་ཡས་བཀག་འགོག་དང་འཕར་འགྱང་མེད་པའི་ཐོག་ཨ་རིའི་དམག་གི་གནམ་གྲུ་གཉིས་ཀྱི་ནང་ཕྱིར་སློག་བྱ་རྒྱུའི་མི་རྣམས་སོ་སོས་ལེན་རྒྱུའི་ཁས་ལེན་བྱས་བྱུང་ཞེས་བརྗོད། རེས་གཟའ་ཟླ་བའི་ཉིན། ཀོ་ལོམ་བྷི་ཡའི་སྲིད་གཞུང་གིས་ཉེ་ཆར་ཨ་རིས་ཕྱིར་འབུད་གཏོང་རྒྱུ་ཡིན་པ་རྣམས་ལེན་ཆེད་དམག་གི་གནམ་གྲུ་བཏང་ཡོད་པ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ལྟར། ཟླ་འདིའི་ཚེས་༢༨ ཉིན་ཁྲིམས་འགལ་ངང་ཨ་རི་ལ་འཛུལ་མཁན་མི་གྲངས་༡༡༠ ཁྱེར་ནས་ཕྱིར་རྒྱལ་ཁབ་ཏུ་འབྱོར་རྒྱུ་ཡིན་འདུག

དེ་བཞིན་ཕོ་བྲང་དཀར་པོས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དེ་རིང་གི་གནས་ཚུལ་འདིས་ཨ་རིར་ཡང་བསྐྱར་གུས་བཀུར་ཞུ་བཞིན་ཡོད་པ་འཛམ་གླིང་ཡོངས་ལ་གསལ་པོ་བསྟན་ཡོད་པ་དང་། སྲིད་འཛིན་ཊོམ་གྱིས་མུ་མཐུད་ཨ་རིའི་རྒྱལ་ཁབ་ཀྱི་རང་བཙན་ནུས་ཤུགས་ཆེན་པོས་སྲུང་སྐྱོབ་གནང་རྒྱུ་དང་། ཁོང་གིས་འཛམ་གླིང་གི་རྒྱལ་ཁབ་གཞན་ཚང་མས་ཨ་རིར་ཁྲིམས་འགལ་གྱིས་གནས་པའི་ཁོང་ཚོའི་མི་སེར་རྣམས་ཕྱིར་སློག་བྱེད་པར་མཉམ་ལས་བྱེད་རྒྱུའི་རེ་བ་གནང་གི་ཡོད་ཅེས་བརྗོད་འདུག

ཟླ་འདིའི་ཚེས་༢༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ནང་གཞིས་སྤོ་ཡོང་མཁན་ཚོ་ཕྱིར་འབུད་གཏོང་བ་ནི་ཊོམ་སྲིད་གཞུང་གིས་འགོ་བཙུགས་པའི་དམིགས་བསལ་གྱི་ལས་གཞི་ཞིག་མ་ཡིན་པར། སྲིད་འཛིན་བྷ་ཌན་གྱིས་ཕྱི་ལོ་༢༠༢༤ ལོ་གཅིག་པུའི་ནང་། རྒྱལ་ཁབ་༡༩༢ ནས་ཡོང་མཁན་༢༧༡།༠༠༠ ཕྱིར་འབུད་བཏང་ཞིང་། ཁོང་གི་སྲིད་འཛིན་གྱི་དུས་ཡུན་ལོ་ངོ་བཞིའི་རིང་། ཁྱོན་བསྡོམས་མི་གྲངས་ས་ཡ་༡།༥ ཕྱིར་འབུད་བཏང་ཡོད་པ་དང་། གྲངས་འབོར་དེ་ནི་དེ་སྔར་སྲིད་འཛིན་ཊོམ་གྱི་དུས་ཡུན་དང་པོའི་སྐབས་དང་མཐུན་ཤས་ཆེ་ན་ཡང་། ཨོ་བྷ་མའི་སྲིད་འཛིན་གྱི་དུས་ཡུན་དང་པོའི་རིང་། མི་གྲངས་ས་ཡ་༢།༩ ཕྱིར་འབུད་བཏང་ཡོད་པ་བཅས་ཨ་རིས་དེ་སྔ་ནས་རྒྱལ་ཁབ་གཞན་གྱི་མི་ཕྱིར་འབུད་གཏོང་གི་ཡོད་པར་བརྗོད་འདུག

དེ་བཞིན་ཕྱི་ལོ་༢༠༢༤ ལོ་སྲིད་འཛིན་བྷ་ཌན་གྱིས་སྐྱབས་བཅོལ་བ་༡༠༠།༠༠༠ དང་ལེན་བྱས་ཡོད་པ་དང་། དེ་ནི་ཕྱི་ལོ་༡༩༩༥ ནས་བཟུང་ལོ་གཅིག་ནང་སྐྱབས་བཅོལ་བ་དང་ལེན་གྱི་གྲངས་ཀ་མང་ཤོས་སུ་གྱུར།  ཊོམ་གྱིས་ཨ་རིའི་སྐྱབས་བཅོལ་བར་གཞིས་ཆགས་ཀྱི་ལས་གཞི་དེ་མཚམས་འཇོག་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༦ ཉིན་(mint) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། མེག་སི་ཀོ་ནས་ཁྲིམས་འགལ་གྱིས་ཨ་རིར་གནས་སྤོས་བྱེད་མཁན་ས་ཡ་བཞི་ཟིན་ནས་གྲངས་མང་ཤོས་སུ་གྱུར་པ་དང་། ཨེལ་སལ་ཝ་ཌོར་(El Salvador) ནས་འབུམ་༧།༥ རྒྱ་གར་ནས་འབུམ་༧།༢༥ ཟིན་ཏེ། གྲངས་མང་ཤོས་གསུམ་པ་དེ་ཆགས་ཡོད་འདུག བདུན་ཕྲག་སྔོན་མའི་རེས་གཟའ་པ་པངས་ཉིན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས། ཁྲིམས་འགལ་གྱིས་ཨ་རིའི་ནང་འཛུལ་མཁན་ཚོ་རྒྱ་གར་བ་ཡིན་པ་གཏན་འཁེལ་རྗེས། ཕྱིར་ལེན་རྒྱུ་ཡིན་ཞེས་བརྗོད་འདུག ད་ལྟའི་ཆར་ཨ་རྒྱ་གཉིས་ཀས་ངོས་འཛིན་ཡོད་པའི་རྒྱ་གར་བ་ཁྲིམས་འགལ་ངང་ཨ་རིར་འཛུལ་ཡོད་པ་གྲངས་༡༨།༠༠༠ ཟིན་ཡོད་འདུག དོན་དངོས་དེ་ལས་མང་བ་ཚོད་དཔག་བྱས།

སྲིད་འཛིན་ཊོམ་གྱིས་ཁྲིམས་འགལ་ངང་ཨ་རི་ལ་འཛུལ་ཡོད་པ་དང་ཡིག་ཆ་མེད་མཁན་མང་པོ་ཞིག་ཕྱིར་འབུད་གཏོང་བཞིན་ཡོད་པ་ལྟར། བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན་མི་གྲངས་༩༥༦ འཛིན་བཟུང་དང་། བདུན་འདིའི་རེས་གཟའ་ཟླ་བའི་ཉིན། མི་གྲངས་༡༡༧༩ འཛིན་བཟུང་བྱས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།