སྲིད་འཛིན་ཊོམ་དང་ཡུག་རེན་སྲིད་འཛིན་བར་ཁ་དམག་རྒྱག་འགོ་བཙུགས་འདུག
སྲིད་འཛིན་ཊོམ་གྱིས་དམག་འཁྲུག་མཚམས་འཇོག་གི་ཆེད་དུ་ཡུག་རེན་སྲིད་འཛིན་གྱིས་འགུལ་བསྐྱོད་མགྱོགས་པོ་རྒྱག་དགོས་པ་མ་གཏོགས། ཁོང་ལ་དབུ་ཁྲིད་བྱེད་རྒྱུའི་རྒྱལ་ཁབ་གཅིག་མེད་པ་འགྱུར་སྲིད་པའི་ཉེན་བརྡ་བཏང་ཞིང་། ཡུག་རེན་སྲིད་འཛིན་གྱིས་ཊོམ་ནི་ཨུ་རུ་སུའི་འཁྱོག་བཤད་ཀྱི་ནང་དུ་གནས་བཞིན་ཡོད་པ་བརྗོད་རྗེས། སྲིད་འཛིན་ཊོམ་གྱིས་ཡུག་རེན་སྲིད་འཛིན་ལ་སྒེར་གཅོད་པ་ཞེས་འབོད་པ་སོགས། ཨ་རི་དང་ཨུ་རུ་སུའི་བར་གྲོས་མོལ་རྗེས། ཨ་རི་དང་ཡུག་རེན་གྱི་སྲིད་འཛིན་གཉིས་ཀྱི་བར་ཁ་དམག་འགོ་བཙུགས་ཞིང་། ཕྱོགས་གཉིས་ཀྱི་བར་འབྲེལ་ཐག་རིང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཡུག་རེན་གྱི་དམག་མཚམས་འཇོག་ཆེད། ཡུ་རོབ་དང་ཡུག་རེན་ཟུར་དུ་བཞག་སྟེ་ཐད་ཀར་ཨུ་རུ་སུ་ལ་འབྲེལ་བ་བྱས་ནས། བདུན་ཕྲག་འདིའི་རེས་གཟའ་མིག་དམར་གྱི་ཉིན། ཕྱོགས་གཉིས་ཀྱི་སྐུ་ཚབ་རྣམས་(Saudi Arabia) སོ་དྷི་ཨ་རབ་བྷི་ཡའི་ནང་ལྷན་འཛོམས་བྱས། དུས་ཚོད་དེ་དང་བསྟུན། ཡུག་རེན་སྲིད་འཛིན་གྱིས་ལྷན་འཛོམས་ཐོག་ཐག་གཅོད་ཅི་ཞིག་བྱས་ཀྱང་ཡུག་རེན་གྱིས་ནམ་ཡང་ཁས་ལེན་བྱེད་རྒྱུ་མིན་ཞེས་བརྗོད་རྗེས། སྲིད་འཛིན་ཊོམ་གྱིས་དམག་འཁྲུག་འགོ་འཛུགས་མཁན་ཡུག་རེན་ཡིན་པ་དང་། ཨུ་རུ་སུས་ཤོད་བཞིན་པ་ལྟར། ཡུག་རེན་མི་མང་བརྒྱ་ཆ་༤ ཙམ་གྱིས་མ་གཏོགས་ཡུག་རེན་སྲིད་འཛིན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་སྐོར་བཤད། དེའི་རྗེས་སུ་ཡུག་རེན་སྲིད་འཛིན་གྱིས་ཊོམ་ནི་ཨུ་རུ་སུའི་འཁྱོག་བཤད་ཀྱི་བར་སྣང་དུ་འཚོ་གནས་བྱེད་བཞིན་པར་བརྗོད།
དེར་བརྟེན། ཟླ་འདིའི་ཚེས་༡༩ ཉིན། ཊོམ་གྱིས་ཁོ་རང་སྒེར་གྱི་སྤྱི་ཚོགས་བརྒྱུད་ལམ་དུ། ཡུག་རེན་གྱི་སྲིད་འཛིན་ནི་ཚུལ་ལྡན་གྱི་བཞད་གད་འཁྲབ་སྟོན་པ་ཞིག་དང་། ཁོང་གིས་ཨ་སྒོར་ཐེར་འབུམ་༣༢༠ བཏང་ནས་རྒྱལ་ཁ་མེད་པའི་དམག་འཁྲུག་ཅིག་རྒྱག་བཞིན་ཡོད་པ་དང་། ཨ་རིས་དམག་འཁྲུག་དེར་ཨ་སྒོར་ཐེར་འབུམ་༢༠༠ སྟེ། ཡུ་རོབ་ལས་ལྷག་བཏང་ཡོད་ན་ཡང་། ཨ་རི་ལ་ཁེ་ཕན་གང་ཡང་མེད་པ་མ་ཟད། ཨ་རི་དང་ཡུག་རེན་བར་རྒྱ་མཚོ་ཆེན་མོས་བར་དུ་བཅད་ཡོད་པས་ཡུག་རེན་གྱི་གནད་དོན་ནི་ཨ་རི་ལས་ཡུ་རོབ་ལ་གལ་ཆེ་བ་ཆགས་ཡོད་པ་རེད་ཅེས་དང་།
དེ་བཞིན་ཡུག་རེན་སྲིད་འཛིན་གྱིས་ཨ་རིས་ཡུག་རེན་ལ་བཏང་པའི་རོགས་དངུལ་ཕྱེད་ཀ་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་ཁས་ལེན་བྱས་ཡོད་པ་དང་། ཛི་ལན་སི་ཀེ་ཡིས་ཡུག་རེན་དུ་འོས་བསྡུ་བྱེད་རྒྱུ་ཁས་ལེན་བྱས་མེད་ཅེས་དང་། འོས་བསྡུ་མེད་པ་ནི་སྒེར་གཅོད་པ་ཞིག་ཡིན་པས། ཛི་ལན་སི་ཀེས་འགུལ་བསྐྱོད་མགྱོགས་པོ་རྒྱག་དགོས་པ་མ་གཏོགས། འགོ་ཁྲིད་བྱེད་རྒྱུའི་རྒྱལ་ཁབ་ཅིག་མེད་པ་འགྱུར་སྲིད་པ་སོགས་བརྗོད་འདུག
ཕྱི་ལོ་༢༠༡༩ ལོར་ཛི་ལན་སི་ཀེ་ལ་ཡུག་རེན་གྱི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ནས་ཕྱི་ལོ་༢༠༢༤ ཟླ་༥ ནང་དུས་ཡུན་རྫོགས་ཀྱི་ཡོད་ན་ཡང་། རྒྱལ་ཁབ་དམག་འཁྲུག་ནང་ལྷུང་ནས་རྒྱལ་ཡོངས་སུ་དྲག་པོའི་ཁྲིམས་གཞི་(atrial Law) བསྡམས་ཡོད་པས། འོས་བསྡུ་མ་བྱས་པར་་ཁོང་ཉིད་སྲིད་འཛིན་མུ་མཐུད་བྱེད་བཞིན་ཡོད་འདུག ཉེ་ཆར་མི་མང་གི་བསམ་ཤོག་བསྡུ་ལེན་གྱི་གྲུབ་འབྲས་ལ་ལྟར་ན། ཕྱི་ལོ་༢༠༢༢ ལོར་ཡུག་རེན་གྱི་སྲིད་འཛིན་ལ་མི་མང་བརྒྱ་ཆ་༩༠ ཙམ་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན་ཡང་། ཕྱི་ལོ་༢༠༢༥ ལོ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༥༧ མ་གཏོགས་བྱུང་མི་འདུག
རྒྱ་གར་གྱི་(Firstpost) ཞེས་པའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུ་དམག་འཁྲུག་ལས་རྣམ་པར་རྒྱལ་ཉེན་ཡོད་འདུག དཔེར་ན། ཨུ་རུ་སུས་ཡུག་རེན་ནེ་ཊོ་དམག་དོན་སྒྲིག་འཛུགས་ནང་ཞུགས་རྒྱུ་ལ་འདོད་པ་བྱེད་ཀྱི་མེད་པ་ལྟར། ཟླ་འདིའི་ཚེས་༡༢ ཉིན། སྲིད་འཛིན་ཊོམ་གྱིས་ཡུག་རེན་ནེ་ཊོ་ནང་ཞུགས་རྒྱུ་ལ་འདོད་པ་མེད་ཅེས་བརྗོད་ཟིན་པ་དང་། གཉིས་པ་ཨུ་རུ་སུས་ཡུག་རེན་གྱི་ས་ཆ་འཛིན་འདོད་ཡོད་པ་བཞིན། ཕྱི་ལོ་༢༠༢༢ ནས་ད་བར་ཨུ་རུ་སུས་ཡུག་རེན་གྱི་ས་ཆའི་བརྒྱ་ཆ་༢༠ ཙམ་བཟུང་ཟིན་པ་དག། ཊོམ་སྲིད་གཞུང་གིས་ཀྱང་ས་ཆ་དེ་དག་ཨུ་རུ་སུ་ལ་སྤྲད་སྲིད་པ་དང་། ཕྱོགས་གཉིས་བར་དམག་འཁྲུག་ལངས་ནས་བཟུང་། ད་བར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་སྲིད་དོན་གྱི་ཉེས་ཆད་སྟོང་ཕྲག་༢༤ ཙམ་བཀལ་ཡོད་པ་དང་། དེའི་ཁྲོད་ནས་སྟོང་ཕྲག་༧ ལྷག་ཨ་རིས་བཀལ་ཡོད་འདུག ཨུ་རུ་སུས་ཉེས་ཆད་དེ་དག་མེད་པ་བཟོ་འདོད་བྱེད་ཀྱི་ཡོད་པ་ལྟར། ཊོམ་སྲིད་གཞུང་གིས་ཀྱང་འདོད་པ་ཡོད་པའི་རྣམ་འགྱུར་བསྟན་ཟིན་པར་བརྗོད་འདུག
ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུ་ཡུག་རེན་ལ་བཙན་འཛུལ་བྱས་ཡོད་པ་དང་། བཙན་འཛུལ་དེ་ལས་ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུག་རེན་ལ་དམག་དཔུང་བཏང་ནས་རོགས་པ་བྱེད་མི་སྲིད་པ་དང་། ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཉེས་ཆད་གཏོང་སྲིད་པ་ཤེས་རྟོགས་བྱུང་ནས། ད་ཐེེངས་དམག་འཁྲུག་སྐབས། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་དུ་གཏོང་ཐབས་བྱས་ཀྱང་། ཨུ་རུ་སུས་རྒྱ་ནག་དང་བྱང་ཀོ་རི་ཡ། རྒྱ་གར་སོགས་དང་འབྲེལ་ལམ་ཤུགས་ཆེ་རུ་བཏང་ནས་གནས་སྟངས་སྡུག་ཤོས་ཁྲོད་རང་ཉིད་འཚོ་ཐུབ་ཡོད་པར་བརྗོད་འདུག དམག་འཁྲུག་དེའི་ཁྲོད་ཨུ་རུ་སུ་ལ་ཡང་ཕམ་ཁ་མེད་པ་མ་ཡིན་པར། ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་སི་ཝེ་ཌན་དང་ཧྥིན་ལན་ཌི་གཉིས་ནེ་ཊོ་དམག་དོན་སྒྲིག་འཛུགས་ནང་ཞུགས་ཡོད་པ་བཅས་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།