སྲིད་འཛིན་ཊོམ་ལ་བོད་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་དགོས་པའི་འབོད་སྐུལ་གནང་འདུག 

ཨ་རིའི་གྲོས་ཚོགས་འཐུས་མི་སི་ཁོ་ཊི-ཕེ་རི་(Scott Perry) ཡིས་སྲིད་འཛིན་ཊོམ་ལས་ཞུ་ཡིག་ཅིག་ཕུལ་བའི་ནང་། རྒྱ་ནག་གིས་ཕྱི་ལོ་༡༩༥༡ ལོར་ཁྲིམས་འགལ་ཐོག་ནས་བོད་ལ་བཙན་འཛུལ་མ་བྱས་བར་དུ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཨ་རིའི་ངོས་ནས་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག 

ཕྱི་ཟླ་༡༢ ཚེས་༡༦ ཉིན་ཕུལ་བའི་ཞུ་ཡིག་དེའི་ནང་། གྲོས་ཚོགས་འཐུས་མི་ཁོང་གིས་“ཁྱེད་ཀྱི་སྲིད་གཞུང་དང་པོའི་ལེགས་གྲུབ་ཆེ་ཤོས་ཁྲོད་ཀྱི་གཅིག་ནི། རྒྱལ་ཁབ་ཀྱི་དམིགས་པ་གཏད་ཡུལ་དེ་ང་ཚོའི་རྒྱལ་ཁབ་ལ་ཉེན་ཁ་ཆེ་ཤོས་སྤྲོད་མཁན་ཏེ། རྒྱ་ནག་དམར་ཤོག་ཚོགས་པར་བསྒྱུར་བ་དེ་རེད་”ཅེས་བརྗོད་དེ་སྲིད་འཛིན་ཊོམ་གྱིས་རྒྱ་ནག་ལ་སྲིད་བྱུས་མཁྲེགས་པོ་བཟུང་བར་བསྟོད་བསྔགས་བྱས་འདུག 

ཁོང་གིས་“བོད་ཆོལ་ཁ་གསུམ་(དབུས་གཙང་དང་། ཨ་མདོ། ཁམས)དུ་འཚོ་བའི་བོད་མི་རྣམས་ལོ་ངོ་བརྒྱ་ཕྲག་མང་པོར་རང་བཙན་ནམ་ཚད་མཐོ་བའི་རང་སྲིད་རང་སྐྱོང་འོག་འཚོ་གནས་བྱས་ཡོད་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་༡༩༥༡ ལོར་ཁྲིམས་འགལ་ཐོག་ནས་བོད་ལ་བཙན་འཛུལ་མ་བྱས་བར་དུ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད་”ཅེས་བརྗོད་པ་མ་ཟད། དུས་སྐབས་དེ་ནས་བཟུང་ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་མང་པོ་ཞིག་ཏུ་བོད་ཀྱི་གནས་བབ་(Tibet’s status) དེ་བཙན་འཛུལ་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་བསྟན་ཡོད་ཅེས་བཤད་དེ་དཔེ་མཚོན་ལྔ་ཙམ་དྲངས་འདུག 

དེ་བཞིན་ཁོང་གིས་“མཐར་གཏུགས་ནས་བཤད་ན། ཨ་རིས་བོད་ཀྱི་ཐོག་ཏུ་བཟུང་བའི་ལྟ་བ་དེ་ངེས་གཏན་མེད་པ་ཞིག་ཆགས་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་དང་འགལ་ཞིང་བར་ཆད་མེད་པའི་ཐོག་ནས་བོད་ལོ་ངོ་༧༠ ལྷག་ཙམ་དབང་སྒྱུར་བྱས་རྗེས། ད་ནི་[ང་ཚོས་]ལང་ཕྱོགས་ངེས་གཏན་ཞིག་འཛིན་པའི་དུས་ལ་བབ་ཡོད་”ཅེས་བརྗོད་དེ། ཨ་རིས་ད་བར་དུ་བོད་ལ་བཟུང་བའི་སྲིད་བྱུས་ངེས་གཏན་བྲལ་བ་དེ་སྒྱུར་བཅོས་བཏང་ནས་བོད་ལ་ལོ་རྒྱུས་རང་བཞིན་ཅན་གྱི་རྒྱབ་སྐྱོར་བྱེད་པའི་དགོས་འདུན་བཏོན་པའི་ཁར། “ལོ་ངོ་བཅུ་ཕྲག་མང་པོ་ཕྱིན་པའི་རྗེས་སུའང་བོད་ནི་བོད་མི་ཚོའི་རྒྱལ་ཁབ་ཡིན་པས། ཁོ་ཚོ་ལ་ང་ཚོའི་རྒྱབ་སྐྱོར་འཐོབ་འོས། ཨ་རིའི་ངོས་ནས་ཁོ་ཚོ་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་འོས་”ཞེས་བསྣན་འདུག 

ཤོག་དངོས་གཉིས་ལྡན་པའི་ཞུ་ཡིག་དེའི་མཇུག་ཏུ། སི་ཁོ་ཊི-ཕེ་རི་ཡིས་ལས་ཡུན་རྫོགས་ལ་ཉེ་བའི་སྲིད་འཛིན་ཊོམ་ནི་ཕལ་ཆེར་བོད་མི་ཚོར་རང་བཙན་འཐོབ་པའི་རེ་བ་མཐའ་མ་དང་ལེགས་ཤོས་ཡིན་ཚུལ་བཤད་པ་དང་། “ངའི་རེ་བ་ལ། རྒྱ་ནག་དམར་ཤོག་ཚོགས་པས་བསམ་བརྗོད་ལས་འདས་པའི་བྱ་ངན་རྩོམ་བཞིན་པའི་ཁ་གཏད་དུ། ཁྱེད་ཀྱིས་ཨ་རིའི་སྲིད་འཛིན་གི་བླ་ན་མེད་པའི་གོ་གནས་དེ་བེད་སྤྱོད་བྱས་ཏེ་བོད་མི་ས་ཡ་མང་པོའི་ཆེད་དུ་རང་བཙན་དང་འོད་སྣང་ལྡན་པའི་འབྱུང་འགྱུར་ཞིག་སྲ་བརྟན་གནང་དགོས་”ཞེས་འབོད་སྐུལ་བྱས་འདུག 

ཁོང་གིས་འདི་ལོའི་ཕྱི་ཟླ་༤ པའི་ནང་དུའང་གྲོས་ཚོགས་འོག་མའི་ནང་ཨ་རིའི་ངོས་ནས་བོད་རང་སྐྱོང་ལྗོངས་རང་བཙན་གྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་དགོས་པའི་ཁྲིམས་འཆར་“H.R. 6948”ཞེས་པ་ཞིག་ཀྱང་བཏོན་གནང་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།