སྲིད་འཛིན་ཨོ་བྷ་མས་ཉི་ཧོང་ལ་དགོངས་སེལ་ཞུ་རྒྱུ་མིན་པ།
ཨ་རིའི་སྲིད་འཛིན་བྷེ་རེག་ཨོ་བྷ་མས་ཟླ་འདིའི་ཚེས་༢༧ ཉིན། ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མར་སྐོར་བསྐྱོད་འགྲོ་འཆར་ཡོད་པ་དང། ཨ་རིའི་ཕོ་བྲང་དཀར་པོས་འགྲེལ་བརྗོད་བྱས་གསལ། སྲིད་འཛིན་ཁོང་གིས་འཛམ་གླིང་དམག་ཆེན་གཉིས་པར་ཨ་རིས་གྲོང་ཁྱེར་དེར་རྡུལ་ཕྲན་མཚོན་ཆ་གཡུགས་ཏེ། མི་གྲངས་འབུམ་༡ དང་ཁྲི་༤ ཙམ་གྱི་ཚེ་སྲོག་ཤོར་ཡོད་པའི་བྱ་སྤྱོད་དེར་དགོངས་སེལ་ཞུ་རྒྱུ་མིན་པ་རེད་འདུག
དེ་ཡང་ཟླ་འདིའི་ཚེས་༢༡ ནས་༢༨ བར་སྲིད་འཛིན་ཨོ་བྷ་མས་ཨེ་ཤི་ཡའི་རྒྱལ་ཁབ་ཉི་ཧོང་དང། ཝེ་ཏི་ནམ་སོགས་ལ་སྐོར་བསྐྱོད་དང་འབྲེལ། ཉི་ཧོང་ལ་འཚོགས་འཆར་ཡོད་པའི་འཛམ་གླིང་མང་གཙོའི་རྒྱལ་ཁབ་བདུན་གྱི་ཤོག་ཁག་གི་ལྷན་ཚོགས་ལ་ཡང་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག
ཟླ་འདིའི་ཚེས་༢༧ ཉིན་ཨ་རིའི་སྲིད་འཛིན་དང་ཉི་ཧོང་སྲིད་འཛིན་ཤིན་ཛོ་ཨ་བྷི་གཉིས་མཉམ་དུ། ཧི་རོ་ཤི་མ་ཞི་བདེའི་དྲན་རྟེན་སྐྱེད་ཚལ་དུ་སྐོར་བསྐྱོད་བྱེད་རྒྱུ་ཡིན་པ་དང། ཉི་ཧོང་ཕྱོགས་ནས་དམག་ཆེན་གཉིས་པའི་རྡུལ་ཕྲན་དྲག་རྒོལ་གྱི་གནད་དོན་ལ་ཨ་རིའི་ཕྱོགས་ནས། དགོངས་སེལ་ཞུ་དགོས་པའི་གནོན་ཤུགས་གང་ཡང་སྤྲད་མེད་ཁར། ཤིན་ཛོ་ཨ་བྷི་ཡིས་སྐོར་བསྐྱོད་དེ་ནི་འདས་པོ་རྣམས་དྲན་གསོ་བྱེད་རྒྱུ་དང། མ་འོངས་པར་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་མི་ཆོག་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་པའི་གོ་སྐབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག ཁོང་གིས་“འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆའི་དྲག་རྒོལ་མྱངས་མྱོང་མཁན་ནི་ཉི་ཧོང་གཅིག་པུ་ཡིན་པས། མ་འོངས་པར་ས་ཆ་གང་དུ་ཡང་འཇིགས་སྐྲག་ཆེ་བའི་ཉམས་མྱོང་དེ། མངོན་སུམ་དུ་མི་ཡོང་བ་བཟོ་རྒྱུ་ནི་ང་ཚོའི་ལས་འགན་རེད་”ཅེས་བཤད་འདུག
ཨ་རིའི་ཕོ་བྲང་དཀར་པོའི་ནང་ལ་སྐོར་བསྐྱོད་དེའི་སྐོར་བགྲོ་གླེང་ཆེན་པོ་བྱུང་ཡོད་འདུག དེ་ཡང་ཁག་གཅིག་གིས་ཨ་རིའི་སྲིད་འཛིན་ལས་ཐོག་ཅིག་གིས་ས་གནས་དེར་ཕྱིན་ནས། སྔར་གྱི་བྱ་སྤྱོད་དེ་ལ་དགོངས་གསེང་ཞུ་ཡི་ཡོད་པའི་རྣམ་པ་ཆགས་ཚེ། ཨ་རིའི་མི་མང་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་སྲིད་པའི་བསམ་ཚུལ་བཤད་འདུག ཨ་རིའི་མི་མང་ཕལ་ཆེ་བས། དམག་ཆེན་གཉིས་པའི་རྡུལ་ཕྲན་དྲག་རྒོལ་དེ་ནི་དམག་ཆེན་མཇུག་བསྒྲིལ་བར་དགོས་ངེས་དང་འོས་པའི་བྱ་སྤྱོད་གཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཁར། ཉི་ཧོང་མི་མང་ནས་བྱ་སྤྱོད་དེར་ཐ་དད་ཀྱི་བསམ་ཚུལ་འཛིན་གྱི་ཡོད་པ་རེད་འདུག
ཐེངས་འདིའི་སྲིད་འཛིན་ཨོ་བྷ་མའི་སྐོར་བསྐྱོད་དེ་ཨ་རིའི་སྲིད་འཛིན་ལས་ཐོག་ཅིག་གིས་ཧི་རོ་ཤི་མར་སྐོར་བསྐྱོད་བྱེད་པ་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག
ད་བར་འཛམ་གླིང་གི་དམག་འཁྲུག་ཁྲོད། རྡུལ་ཕྲན་མཚོན་ཆ་དངོས་སུ་བེད་སྤྱོད་བྱེད་མཁན་ཐོག་མ་དང་གཅིག་པུ་དེ་ཨ་རི་ཡིན་པ་དང། དམག་ཆེན་གཉིས་པའི་རྗེས་སུ་ཨུ་རུ་སུ་གཙོས་པའི་ལུང་པ་མང་པོ་ཞིག་གི་དབར་ལ་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་གྱི་འགྲན་སྡུར་ཆེན་པོ་བྱུང་ཡོད་པས། དུས་སྐབས་དེ་ལ་ལོ་རྒྱུས་ནང་གྲང་དམག་ཞེས། དམག་དངོས་སུ་མ་ཤོར་ཡང་ཛ་དྲག་གི་གནས་སྟངས་ཤིག་ལ་གནས་ཡོད་པ་རེད། རྗེས་སུ་ཨི་རན་དང་བྱང་ཀོ་རི་ཡ། རྒྱ་ནག་སོགས་ལུང་པ་མང་པོའི་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་འགོ་བཙུགས་པས། རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ཅིག་ཡོང་བའི་འཇིགས་སྣང་འོག དེང་གི་ཆར་ཨ་རིའི་འགོ་ཁྲིད་པའི་རྒྱལ་ཁབ་མང་པོས། རྡུལ་ཕྲན་མཚོན་ཆ་བཟོ་མི་ཆོག་པའི་རྒྱལ་སྤྱིའི་ཁྲིམས་གསར་བཟོ་དང། དེ་ལ་ངོས་ལེན་མི་བྱེད་མཁན་ཚོར། རྒྱལ་སྤྱིའི་ནས་དཔལ་འབྱོར་གྱི་ཉེས་ཆད་སོགས་བཏང་ནས། གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།