སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་གིས་ལས་ཁུར་དམ་འབུལ།
ཟླ་འདིའི་ཚེས་༢༧ ཉིན་དྷ་ས་གངས་སྐྱིད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་སྲིད་སྐྱོང་གསར་པའི་དམ་འབུལ་མཛད་སྒོ་འཚོགས་པ་དང་། སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་གིས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུའི་མདུན་ནས་ལས་འཁུར་འབུལ་ཞུས་པ་དང་། ༧གོང་ས་མཆོག་གིས་དྲ་བརྙན་བརྒྱུད་ནས་སྲིད་སྐྱོང་གསར་རྙིང་གཉིས་ཀར་འཚམས་འདྲི་གནང་སོང་།
དམ་འབུལ་གྱི་མཛད་སྒོ་དེའི་ཐོག་སྲིད་སྐྱོང་གསར་རྙིང་བར་བཀའ་ཐམ་སྲིད་ཞི་བདེ་སྐྱིད་རྩིས་སྤྲོད་ལེན་གྲུབ་བསྟུན་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེས་སྲིད་སྐྱོང་གསར་པར་རྟེན་འབྱུང་མཇལ་དར་བསྒྲོན་ཡོད་པ་རེད།
༧གོང་ས་མཆོག་གིས་དྲ་བརྙན་བརྒྱུད་བཀའ་སློབ་གནང་སྐབས། “དེ་རིང་འདིར་གཙོ་ཆེ་ཤོས་མི་མང་གིས་འོས་འདེམས་བྱས་ནས་ཡར་ཐོན་པའི་སྲིད་སྐྱོང་གསར་པ་དང་། དེ་སྔ་འདས་པའི་ལོ་འགའ་ཤས་རིང་སྲིད་སྐྱོང་ལས་འགན་འཁུར་བའི་སྲིད་སྐྱོང་ཟུར་པ་ཁྱེད་གཉིས་གཙོ་བོར་གྱུར་བའི་གྲོགས་པོ་ཚང་མར་ཞུ་རྒྱུ་ལ། བོད་ནི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་རེད། དེ་ཟུབ་རྒྱུ་མེད་པ་ཞིག་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་། མངའ་བདག་ཁྲི་རལ་ནས་བཟུང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་བཟུང་བོད་པའི་སྒྲིག་འཛུགས་ཤིག་ཡོད་པ་རེད། ལོ་རྒྱུས་ཡུན་རིང་པོ་ཕྱིན་པའི་སྒྲིག་འཛུགས་ཤིག་ཡིན་དུས། བཙན་བྱོལ་ལ་འབྱོར་བའི་ལོ་དང་པོ་དང་གཉིས་པ་ནས་བཟུང་། སྤྱི་འཐུས་འཛུགས་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་ཏེ་ཚུགས་པ་རེད། རིམ་གྱིས་ང་ཚོར་སྒྲིག་འཛུགས་ཤིག་ཡོད་པ་དེ་མང་གཙོའི་ལམ་ཁར་འགྲོ་གི་ཡོད་པ་རེད། དེ་ཡང་འཁྲབ་བཞིན་པ་ཞིག་མིན་པར། ཁ་ཞེ་གཉིས་མེད་ཀྱི་སྟེང་ནས་མང་གཙོ་ཡང་དག་པ་ཞིག་བྱེད་པའི་ཐོག་ལ་ཕྱིན་ཡོད་པ་རེེད། རྒྱ་མི་གུང་ཁྲན་སྦུག་དོག་དེ་དག་གིས་ཞིང་བྲན་ལམ་ལུགས་དང་ལུགས་སྲོལ་རྙིང་པའི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་ནའང་། དངོས་ཡོད་གནས་ཚུལ་ལ། བོད་ནང་ལོགས་སུ་ང་ཚོར་རང་དབང་ཡོད་པ་མ་རེད། བཙན་བྱོལ་ལ་ཡོད་པའི་བོད་མི་འབུམ་ལྷག་ཅིག་ཡོད་པ་དེར་རང་དབང་གང་ལ་གང་འཚམ་ཡོད་པས། བཙན་བྱོལ་སྒྲིག་འཛུགས་ཤིག་ཡོད་པ་དང་དེའང་མང་གཙོའི་ལམ་ཁ་མཐར་ཕྱིན་པ་ཞིག་ལ་ཕྱིན་ཡོད་པ་རེད། དེ་རིང་འདིར་སྲིད་སྐྱོང་གསར་བ་དང་སྲིད་སྐྱོང་རྙིང་པ་ཁྱོད་གཉིས་ལ་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཡོད་”ཅེས་གསུངས་སོང་།
སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་སྐབས། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྔོན་གླེང་དུ། བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་ལུགས་ལ་སྣེ་ཁྲིད་མཛད་རྒྱུ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རིང་ནས་ཐུགས་ལ་བརྣགས་པ་ཞིག་ཡིན་པ་རྩལ་འདོན་གྱིས་དེའི་བརྒྱུད་རིམ་ཞིབ་ཕྲ་བཀོད་པ་ལྟར། མང་གཙོའི་ཀ་བ་གསུམ་འགན་དབང་ཆ་བགོས་ཀྱིས་ལྗིད་སྙོམས་སྟངས་འཛིན་མིང་དོན་མཚུངས་པ་ཞིག་ཡོང་རྒྱུ་ནི་སྒྲིག་འཛུགས་སྲ་བརྟན་གྱི་གཞི་མ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཙོ་བོ་ཞིག་ཡིན་སྟབས། བཀའ་ཤག་གི་ངོས་ནས། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཆེ་མཐོང་དང་བརྩི་བཀུར་ཞུས་ཏེ། ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ནུས་ལྡན་ལམ་ལྷོང་འབྱུང་བར་མཐུན་འགྱུར་གང་ཡོང་ཞུ་རྒྱུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས། གྲོས་ཚོགས་ཀྱི་ལས་དོན་ཁག་ལ་མཐུན་འགྱུར་གང་ཡོད་ཞུ་རྒྱུ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་རང་དབང་ལ་དོ་ཕོག་མ་སོང་བའི་སྒོ་ནས་ལས་དོན་ཡར་རྒྱས་ཚགས་ཚུད་ཀྱི་ཕྱོགས་སུ་འགྲོ་བར་མཐུན་འགྱུར་སྦྱར་རྒྱུ། གསར་འགྱུར་བརྒྱུད་ལམ་ཁག་མིང་དོན་མཚུངས་པའི་མང་གཙོའི་ཀ་བ་བཞི་པ་ཆགས་ཐབས་སུ་འཛིན་སྐྱོང་གི་ངོས་ནས་རང་དབང་དང་ཆེ་མཐོང་ཕུལ་བའི་ཐོག་ནས་སྒྲིག་འཛུགས་ཀྱི་མཐུན་རྐྱེན་གང་ཡོད་སྦྱར་རྒྱུ། གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ལ་ལུང་ཚན་དང་ཆོས་བརྒྱུད། ལྟ་བ་ལངས་ཕྱོགས་ཀྱི་དབྱེ་བ་མེད་པར་ནུས་པ་མཉམ་སྤུངས་བྱེད་ཕྱོགས་གོ་བསྡུར་བྱ་རྒྱུ། ས་གནས་སྒྲིག་འཛུགས་ཁག་དང་། མང་ཚོགས་ལ་འཛིན་སྐྱོང་གི་ལས་དོན་ཁག་ཕྱི་གསལ་ནང་གསལ་བྱས་ཐོག འཛིན་སྐྱོང་གི་ངོས་ནས་བྱེད་སྒོ་མཐའ་དག་རྒྱ་ཆེའི་མང་ཚོགས་ལ་འགན་ཁུར་དང་། ལན་འདེབས། རྩིས་རྒྱག་ཞུ་རྒྱུ་”ཡིན་སྐོར་གསུངས་སོང་།
འདི་ལོའི་ཕྱི་ཟླ་ ༣ པའི་ནང་སྤྱི་འཐུས་ལྷན་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་དཔོན་གཞན་གཉིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བའི་ཐོག་ནས་འཕོ་འགྱུར་གཏོང་དགོས་པའི་གཞུང་འབྲེལ་གྲོས་འཆར་ཞིག་བཏོན་པར། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ལྷག་གིས་རྒྱབ་སྐྱོར་བྱས་ཏེ་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བའི་རྗེས། གནས་ཚུལ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་གླེང་སློང་དང་རྩོད་རྙོག་བྱེད་ཡུལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།
སྐབས་དེར་ཁྲིམས་ཞིབ་པ་གསུམ་གྱིས་“བཅའ་ཁྲིམས་དང་འགལ་མེད་”ན་ཡང་། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུའི་སྐུ་དབང་ཡོད་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དེ་ཡིད་ལ་བཅངས་ཏེ། དེ་རིང་གསལ་བཤད་འདི་གྲུབ་པའི་རྗེས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ལས་འགན་བཤོལ་བ་ཡིན་”ཞེས་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། མི་མང་ཚོའི་ཁྲོད་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཀ་བ་གཏོར་ནས་མེད་པར་གྱུར་བ་ཡིན་ཚུལ་གླེང་སྐབས། བཀའ་སྤྱི་གཉིས་ནས་ཁྲིམས་ཞིབ་པའི་ཚབ་གསར་པ་འདེམས་སྒྲུག་བྱེད་མཁན་གྱི་ཚོགས་ཆུང་བཙུགས་ཡོད་ནའང་། ཕྱི་ཟླ་༥ པའི་ཚེས་༢༤ ཉིན་འཚོག་འཆར་པའི་གྲོས་ཚོགས་འཕར་མ་དེར་སྤྱི་འཐུས་མང་པོ་ཚོགས་བཅར་མ་ཐུབ་པས་འཚོགས་ཐུབ་མེད་པ་རེད།
དེ་རྗེས་ཟླ་འདིའི་ཚེས་ ༢༤ ཉིན་ཁྲིམས་ཞིབ་པ་གསུམ་གྱིས་གློ་བུར་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “ངེད་ཅག་གི་གསལ་བཤད་ནང་། ལས་འགན་བཤོལ་བ་(recuse) ཡིན་ཞེས་པ་ནི། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༢ པ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༧༩ པར། གྱོད་ཡས་བདེ་སྙན་ཕུལ་བའམ། ཁྲིམས་ཞིབ་པ་རང་ཉིད་ཁ་མཆུ་དེ་དང་དམིགས་བསལ་འབྲེལ་བ་ཆགས་ཚེ། ཕྱོགས་ལྷུང་གི་ཉེན་སྐྱོན་འགོག་ཆེད་ལས་འགན་ཕྱིར་བཤོལ་བྱེད་སྲོལ་ཡོད་པ་ལྟར། ཁྲིམས་ཞིབ་པའི་ལས་འགན་རེ་ཞིག་བཤོལ་བ་མ་གཏོགས། ཁྲིམས་མཐུན་མ་ཡིན་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ནང་གསལ་འཕོ་འགྱུར་ངོས་ལེན་བྱས་པ་ཞིག་མིན་ལ། ལས་གནས་རྩ་དགོངས་ཞུས་པ་ཞིག་ཀྱང་མིན་ཞིང་། བཅའ་ཁྲིམས་དོན་ཚན་ ༤༥ ནང་གསེས་ ༣ པ་དང་། དོན་ཚན་ ༧༣ ནང་གསེས་ ༣ པ་ནང་གསལ་ལྟར་ལས་ཁུར་རྒྱུན་འཛིན་མ་ཆོག་པར་བཤོལ་དགོས་པའི་གོ་དོན་ཡང་མིན། སྐབས་དེར་ངེད་ཅག་ནས་བཅའ་ཁྲིམས་དོན་ཚན་ ༥ པས་མཚོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐར་ཐུག་གི་དབང་ཚད་སྤྱད་དེ། གྲོས་ཆོད་དེ་རྩིས་མེད་ཀྱི་བྱ་རིམ་ལག་བསྟར་བྱས་ཚེ། ལྷན་སྐྱེས་དྲང་བདེན་(natural justice) ཞེས་པའི་ཁྲིམས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་ལ་གནོད་འགལ་འབྱུང་ཉེན་ཡོད་པའི་ཆ་ནས་ང་ཚོས་ལས་འགན་བཤོལ་བའི་ཐག་གཅོད་བྱས་པ་ཡིན་”ཞེས་བསྒྲགས་ནས་གནས་སུ་བསྐྱར་དུ་བསླེབས་པ་དང། སེལ་མ་ཐུབ་པར་ལུས་པའི་སྔར་གྱི་རྩོད་རྙོག་དེའི་ཐོག་ཁྲིམས་ཞིབ་པ་རྣམས་བསྐྱར་དུ་ལས་གནས་སུ་བསླེབས་པ་ཁྲིམས་འགལ་ཆགས་ཡོད་པའི་གླེང་ཕྱོགས་བྱུང་ཡོད་པ་རེད། སྤྱི་འཐུས་ཚོགས་གཙོ་སྔོན་ནས་དགོངས་པ་ཞུས་ཡོད་པ་དང་། ཕྱི་ཟླ་༥ ཚེས་༢༥ སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་སྲིད་སྐྱོང་དམ་འབུལ་མཛད་སྒོའི་ཐོག་ཕེབས་རྒྱུ་མིན་སྐོར་གསུངས་ཏེ་སྤྱི་འཐུས་ནས་དགོངས་པ་ཞུས་རྗེས་སྤྱི་འཐུས་རྒྱུན་ལས་༨ རྒྱུན་ལས་ནས་དགོངས་པ་ཞུས་སོང་།།
གསར་འགོད་པ་དཀོན་མཆོག་རབ་བརྟན།