སྲིད་སྐྱོང་གི་དངོས་གཞིའི་འོས་མིར་མ་ཚུད་ན་སྤྱི་འཐུས་འོས་མིར་ལངས་རྒྱུ་ཡིན་ཞེས་གསུངས་སོང་།

སྲིད་སྐྱོང་འོས་མི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས། རང་གི་རྒྱབ་སྐྱོར་བའི་རེ་སྐུལ་ལྟར་སྲིད་སྐྱོང་འོས་མིར་ལངས་ཡོད་པ་དང་། དེ་བཞིན་རྒྱབ་སྐྱོར་བ་རྣམས་ཀྱི་རེ་སྐུལ་ལྟར་གལ་ཏེ་སྲིད་སྐྱོང་གི་དངོས་གཞིའི་འོས་མིར་མ་ཚུད་ན། སྤྱི་ཚོགས་ཞབས་ཞུའི་ཆེད་དུ་སྤྱི་འཐུས་འོས་མིར་ལངས་རྒྱུ་ཡིན་སྐོར་གསུངས་སོང་།

ཟླ་༡༢ པའི་ཚེས་༢༩ ཉིན་རྡ་ཤོད་ཧི་མ་ཅལ་གཞུང་གི་མགྲོན་ཁང་དུ། སྲིད་སྐྱོང་འོས་མི་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་རྒྱ་གར་དང་བོད་མིའི་གསར་འགོད་པ་རྣམས་བསྐོངས་ནས། ཐོག་མར་བོད་མི་རྣམས་ཀྱིས་༧གོང་ས་མཆོག་ནས་གསོལ་བསྩལ་གནང་བའི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རོགས་ཞེས་རེ་སྐུལ་གནང་སོང་། དེ་བཞིན་ཁོང་གིས་བརྒྱུད་ལམ་ཁག་བརྒྱུད་ནས་ཁྱབ་སྤེལ་བཏང་ཟིན་པའི་དོན་ཚན་༤༡ ལྡན་པའི་ཁོང་གི་སྲིད་བྱུས་བསྒྲགས་གཏམ་དང་ད་བར་ཁོང་གི་ལས་ཀ་བྱས་པ་རྣམས་གཞི་ལ་བཞག་ནས། འོས་འཕེན་པ་ཚོས་ཁོང་ལ་འོས་ཤོག་འཕེན་གནང་ཡོང་བའི་རེ་སྐུལ་ཞུས་སོང་། 

ཁོང་གིས་མུ་མཐུད་ནས་རང་ཉིད་མི་ལོ་༣༣ རིང་སྤྱི་ཚོགས་ཞབས་ཞུ་གནང་ཡོད་པ་དང་། དེ་ཡང་ཤེས་ཡོན་དང་འཛིན་སྐྱོང་། ཆབ་སྲིད། ལས་འཆར་སོགས་ཀྱི་ཐོག་ཉམས་མྱོང་ཆེན་པོ་ཡོད་ཁར། མི་ལོ་དེ་དག་གི་རིང་བློ་གཟུ་བོར་གནས་པ་དང་། ཕྱོགས་ལྷུང་མེད་པ། ལྷག་བསམ་རྣམ་དག རྙོག་གླེང་མེད་པ། སྤྱི་པའི་མི་ཡི་ཐོག་ནས་ལས་ཀ་བྱས་ཡོད་པས། ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོས་ཁོང་ལ་དྲང་ཚུགས་དང་སྐད་ཡིག་གསུམ་ལྡན་ཡིན་པ་ངོས་འཛིན་གྱིས་རྒྱབ་སྐྱོར་གནང་གི་ཡོད་པ། དེ་ཡང་རྒྱབ་སྐྱོར་གནང་མཁན་ཚོས་ཁུ་སིམ་ཐོག་ནས་རྒྱབ་སྐྱོར་གནང་གི་ཡོད་པ་ལས། འར་སྒྲ་དང་འུར་སྒྲ་ཐོག་ནས་རྒྱབ་སྐྱོར་གནང་གི་མེད་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་བོད་རྒྱ་གྲོས་མོལ་དེ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་ཁར། ཁོང་གི་སྲིད་བྱུས་བསྒྲགས་གཏམ་ནང་གལ་ཆེ་ཤོས་དེ་ཆགས་ཡོད་སྐོར་གསུངས་སོང་།

མཐའ་མ་དེར་ཁོང་གིས་རང་ཉིད་ཀྱི་རྒྱབ་སྐྱོར་བ་མང་པོ་ཞིག་གིས། ཐེངས་འདིར་སྲིད་སྐྱོང་འོས་འགྲན་ཤུགས་ཆེན་པོ་ཡོད་ཁར། དངོས་གཞིར་འོས་མི་གཉིས་ལས་འགྲོ་རྒྱུ་མེད་པ་ཡིན་པས། གལ་ཏེ་ཁོང་དངོས་གཞི་འོས་མིར་མ་སླེབས་ཚེ། དངོས་གཞི་འོས་བསྡུར་སྤྱི་འཐུས་འོས་མིར་ལངས་རོགས་ཞེས་རེ་སྐུལ་ཞུ་ཡི་འདུག་པས། སྤྱིར་བཏང་སྤྱི་ཚོགས་ཞབས་ཞུ་སྒྲུབ་པར་ངེས་པར་དུ་རྐུབ་སྟེགས་དགོས་ངེས་མེད་ཀྱང་། རྒྱབ་སྐྱོར་བ་ཚོའི་རེ་སྐུལ་ལྟར་གལ་ཏེ་སྲིད་སྐྱོང་གི་དངོས་གཞི་འོས་མིར་མ་སླེབས་ཚེ། སྤྱི་འཐུས་འོས་མིར་ལངས་རྒྱུ་ཁས་ལེན་བྱས་ཡོད་པ་དང་། ཁོང་རྣམས་པར་སྔོན་འགྲོ་འོས་བསྡུ་སྐབས་སུ་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་གཉིས་ཀར་ཁོང་ལ་འོས་ཤོག་འཕེན་ན་འགྲིག་གི་ཡོད་པ་དང་། དེ་ནི་ལམ་ལུགས་དང་མཐུན་གྱི་ཡོད་པ། དེ་བཞིན་སྤྱི་ཚོགས་ནང་མི་ཁག་ཅིག་གིས་ལམ་ལུགས་དེའི་སྐོར་ཤེས་ཀྱི་མེད་འདུག་པས། གསལ་བཤད་ཀྱི་ཚུལ་དུ་ཡང་ཞུ་ཡི་ཡོད་སྐོར་གསུངས་སོང་། 

ཁོང་གི་སྲིད་བྱུས་བསྒྲགས་གཏམ་ནང་དུ་དོན་ཚན་གཙོ་བོ་བཞི་ནི་འཛིན་སྐྱོང་ཚགས་ཚུད་དང་། འཐབ་རྩོད་དང་ཆབ་སྲིད་རྒྱུན་སྐྱོང་། སྤྱི་ཚོགས་སྲ་བརྟན། དཔལ་འབྱོར་ཐབས་འཚོལ་བཅས་ཡིན་པ་དང་། དེ་དག་གི་ནང་གསེས་དུ་དོན་ཚན་ཁྱོན་བསྡོམས་༤༡ ཡོད་པ་རེད། 

དེ་ཡང་འཛིན་སྐྱོང་ཚགས་ཚུད་འོག་ཏུ། སྲི་ཞུ་ལས་བྱེད་རྣམས་སྦྱོང་བརྡར་གོ་སྒྲིག་དང་མཐུན་རྐྱེན་ལེགས་ཏུ་གཏོང་བ། གཞིས་ཆགས་ཁག་གི་མཉམ་འབྲེལ་ཁག་དང་ཚོགས་སྡེ་ཁག བོད་མིའི་ཚོང་པ་ཆེ་ཆུང་ཁག རྒན་རབས་དང་ཉམ་ཐག་ལ་གཟིགས་རྟོགས། ནང་མི་བུ་ཕྲུག་མང་བའི་ཁྱིམ་ཚང་ལ་དམིག་བསལ་མཐུན་སྦྱོར་། འཕྲོད་བསྟེན་མཐུན་སྦྱོར་སོགས་ཀྱི་ལས་དོན་ཚགས་ཚུད་གཏོང་རྒྱུ།  བལ་ཡུལ་དང་འབྲུག་ཡུལ་ནང་དུ་བོད་མི་གནས་སྡོད་རྣམས་དཀའ་ངལ་སེལ་ཐབས། དེ་བཞིན་སློབ་གྲྭ་ཁག་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་སྡེ་ཚན་གཅིག་དང་། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་སྡེ་ཚན་གཅིག འཛིན་རིམ་དགུ་པ་ནས་བཅུ་གཅིག་བར་སྡེ་ཚན་གཅིག་བཅས་སྡེ་ཚན་གསུམ་དུ་དབྱེ་རྒྱུ། སློབ་གྲྭ་ཁག་གི་སློབ་མ་དང་མཐོ་སློབ་ཀྱི་སློབ་མ། ཉམས་ཞིབ་སློབ་མ་སོགས་ཀྱི་ཤེས་ཡོན་ཡར་རྒྱས་དང་མཐུན་རྐྱེན་ཚགས་ཚུད་གཏོང་རྒྱུ་སོགས་དང་། བོད་མིའི་འཐབ་རྩོད་དང་ཆབ་སྲིད་རྒྱུན་སྐྱོང་འོག་ཏུ། བོད་རྒྱ་གྲོས་མོལ་རྒྱུན་སྐྱོང་ཡོང་ཐབས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་། སྒྲིག་འཛུགས་ཁག་ནས་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་བརྒྱ་ལྷག་འཇོག་ཐུབ་ཡོད་པར། དེ་དག་མཇུག་སྐྱོང་དང་འབྲེལ་བའི་དམིགས་བསལ་ཚོགས་ཆེན་ཞིག་གོ་སྒྲིག་གནང་རྒྱུ། བོད་རྒྱ་གྲོས་མོལ་ཚོགས་ཆུང་དེ་ཉིད་ཀྱི་ངོ་བོ་དང་ལས་དོན་གནང་ཕྱོགས་ཐོག་བསྐྱར་ཞིབ་བྱ་རྒྱུ། རྒྱ་ནག་སྲིད་གཞུང་གི་ལྷན་བོད་རྒྱའི་དཀའ་རྙོག་སེལ་སླད་གྲོས་མོལ་སླར་གསོ་ཡོང་ཐབས་འབད་བརྩོན་བྱ་རྒྱུ་བཅས་སོགས་ཡོད་པ་རེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོངས་ཐབས་སུ།  བཙན་བྱོལ་ནང་ཡོད་བོད་མི་རྣམས་ནང་ཁུལ་ཕན་ཚུན་རྙོག་གླེང་མེད་པའི་ཐོག་འཛིན་སྐྱོང་ཚགས་ཚུད་དང་འཐབ་རྩོད་རྒྱུན་སྐྱོང་། དཔལ་འབྱོར་མཐུན་འགྱུར་སོགས་ཀྱི་ཐོག་བོད་མིའི་སྒྲིག་འཛུགས་ལ་ཕྱར་གྲུ་མཉམ་འདེགས་ཡོང་རྒྱའི་སློབ་གསོ་ལམ་སྟོན་གནང་རྒྱུ། གཞིས་བཞུགས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དེ་ཉིད་མུ་མཐུད་དེ་གནས་ཐབས་གནང་རྒྱུ། ལྷག་པར་བོད་མི་རྣམས་གཅིག་ཏུ་སྒྲིལ་བའི་མཚོན་རྟགས་གཙོ་བོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཁོ་ན་ཡིན་པ་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ནི་ང་ཚོའི་ཆིག་སྒྲིལ་གྱི་ནུས་པ་ཡིན། དེ་བཞིན་བོད་དང་བོད་པ། བོད་ཀྱི་སྐད་ཡིག་དང་ཆོས། བོད་ཀྱི་རིག་གནས་རྣམས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཡིན། དེ་མིན་སོ་སོའི་ཞབས་བཀྱག་གི་ཁེ་ཕན་ལ་བརྟེན་ནས་སྤྱི་ཚོགས་ནང་ཕྱོགས་ལྷུང་བཟོ་མཁན་གྱི་ཕྱོགས་སུ་མི་འགྲོ་བའི་སློབ་གསོ་ལམ་སྟོན་བྱ་རྒྱུ་ཡིན་སོགས་དང་། དབལ་འབྱོར་ཐབས་འཚོལ་འོག་ཏུ། རྒྱ་གར་དང་ཨ་རིས་གཙོས་ཕྱི་ནང་གཉིས་ཀྱི་དཔལ་འབྱོར་རོགས་སྐྱོར་གནང་མཁན་རྣམས་ནས་མུ་མཐུད་དེ་རྒྱབ་སྐྱོར་གནང་ཐོག་དེ་བཞིན་དཔལ་འབྱོར་ཐབས་འཚོལ་གྱི་ལས་གཞི་དགོས་མཁོ་དང་བསྟུན་ཏེ་དཔལ་འབྱོར་ཐོབ་ཐབས་བྱ་རྒྱུ། དོན་གཅོད་རྣམས་ནས་ཆབ་སྲིད་དང་དཔལ་འབྱོར་ཐབས་འཚོལ་གྱི་འགན་ཁུར་བཞེས་བཞིན་ཡོད་སྟབས། དེའི་ཐོག་དམིགས་བསལ་དཔལ་འབྱོར་ཐབས་འཚོལ་གནང་ཕྱོགས་ཐད་ཚོགས་འདུ་ཞིག་འཚོགས་གནང་རྒྱུ། ཕྱི་ནང་གཉིས་ནས་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་རོགས་སྐྱོར་གནང་མཁན་རྣམས་ཀྱི་ལྷན་དམིགས་བསལ་ཚོགས་ཆེན་ཞིག་གོ་སྒྲིག་གནང་རྒྱུ། བཙན་བྱོལ་བོད་མིའི་དཔལ་འབྱོར་གཙོས་སྤྱི་ཡོངས་ཀྱི་གནས་བབ་ཐོག་བསྐྱར་ཞིབ་གནང་རྒྱུ་བཅས་སོགས་ཚུད་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།