སྲིད་སྐྱོང་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐད་བོད་མི་གཅིག་པུར་དབང་ཚད་ཡོད་པ་དབྱིན་གཞུང་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག
དབྱིན་གཞུང་གིས་བོད་དོན་ཐོག་འཛིན་པའི་གཞུང་འབྲེལ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་འབོད་སྐུལ་དང་བོད་དོན་ཐོག་རྒྱབ་སྐྱོར་ཆེད། ཨ་རིའི་གཞུང་གིས་ཁྲིམས་འཆར་གཏན་འབེབས་གནང་བ་གཞིར་བཟུང་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐད་བོད་མི་གཅིག་པུར་དབང་ཚད་ཡོད་པར་དབྱིན་གཞུང་ནས་གཞུང་འབྲེལ་གྱིས་རྒྱབ་སྐྱོར་ཡོང་པའི་འབོད་སྐུལ་སོགས་ཞུས་ནས་སྲིད་སྐྱོང་གི་དབྱིན་ཡུལ་དུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད་འདུག

ཟླ་འདིིའི་ཚེས་༢༣ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གི་དབྱིན་ཡུལ་དུ་ཉིན་གྲངས་གསུམ་རིང་གི་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད་འདུག་པ་དང་། སྲིད་སྐྱོང་གི་འཚམས་གཟིགས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཉིན་དེ་དག་གི་རིང་། སྲིད་སྐྱོང་གིས་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ལ་མཉམ་ཞུགས་གནང་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་པར་དུ་དབྱིན་ཡུལ་གྱིས་བོད་འདྲ་བའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་ངོས་འཛིན་དང་རྒྱབ་སྐྱོར་གནང་དགོས་པའི་གལ་གནད་སྐོར་ནན་བརྗོད་གནང་ཡོད་འདུག
དེ་བཞིན། ཁོང་གིས་དབྱིན་གཞུང་གིས་བོད་དོན་ཐོག་འཛིན་པའི་གཞུང་འབྲེལ་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་འབོད་སྐུལ་དང་། བོད་དོན་ཐོག་རྒྱབ་སྐྱོར་ཆེད་ཨ་རིའི་གཞུང་གིས་ཁྲིམས་འཆར་གཏན་འབེབས་གནང་བ་གཞིར་བཟུང་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐད་བོད་མི་གཅིག་པུར་དབང་ཚད་ཡོད་པར་དབྱིན་གཞུང་ནས་གཞུང་འབྲེལ་གྱིས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ། དེ་བཞིན་ལོ་རྗེས་མ་བོད་མིའི་སྒྲིག་འཛུགས་སུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་གདན་འདྲེན་ཞུ་རྒྱུ་ཡིན་པ་བཅས་ནི་ཐེངས་འདིའི་འཚམས་གཟིགས་ཀྱི་དམིགས་ཡུལ་ཡིན་པར་གསུངས་འདུག
གཞན་ཡང་། སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཨ་རིའི་གཞུང་ནས་བོད་དོན་ཐོག་གི་ཁྲིམས་འཆར་གཏན་འབེབས་གནང་བ་དང་མཚུངས་པར་དབྱིན་ཡུལ་གྱི་གྲོས་ཚོགས་ནང་། བོད་དོན་ཐོག་དྲིལ་བསྒྲགས་དང་རྒྱབ་སྐྱོར་སླད་ཁྲིམས་འཆར་འཇོག་རྒྱུའི་ཚོགས་འདུ་ཞིག་གོ་སྒྲིག་གནང་དགོས་པའི་གྲོས་འགོ་བཏོན་གནང་ཡོད་འདུག
ཁོང་གིས་ཕྱི་ལོ་༢༠༠༨ ལོར་དབྱིན་གཞུང་གི་སྲིད་བྱུས་ལ་འགྱུར་བ་བཏང་བའི་གནས་ཚུལ་དང་། སྐུ་ཞབས་མི་ཀལ་ཝན་ཝལ་ཏི་ཝན་པྲག་ལགས་དང་། སློབ་དཔོན་ལའོ་ལགས་ཀྱིས་ཉམས་ཞིབ་ལ་གཞི་བཅོལ་ཏེ། དབྱིན་གཞུང་ནས་བོད་ཀྱི་སྲིད་བྱུས་ཐོག་དོན་དངོས་ལ་གཞིར་བཞག་ནས་བསྐྱར་བཅོས་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།