སྲིད་སྐྱོང་གིས་༧པན་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་ཚེ་མཇལ་དུ་བཅུག་དགོས་སྐོར་གསུངས་འདུག

རྒྱ་ནག་གཞུང་གིས་༧པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་སྐུ་འཚོ་བཞུགས་ཡིན་ཁར་ཕྱག་ལས་གནང་བཞིན་ཡོད་སྐོར་བརྗོད་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས། གལ་ཏེ་ཁོང་སྐུ་འཚོ་བཞུགས་ཡིན་ཚེ་དད་ལྡན་པ་དང་འཛམ་གླིང་མི་མང་ལ་ཞལ་རས་མཇལ་དུ་བཅུག་དགོས་པའི་དགོས་འདུན་བཏོན་འདུག

དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པར་གསར་འགོད་པ་ཞིག་གིས། ཨ་རིའི་ཕྱི་སྲིད་དྲུང་ཆེས་༧པཎ་ཆེན་རིན་པོ་ཆེའི་ཐོག་སྤེལ་བའི་བསྒྲགས་གཏམ་ཐོག་དྲི་བ་དྲིས་པར་ལན་དུ། ༧པཎ་ཆེན་རིན་པོ་ཆེ་ལ་རིན་མེད་ཀྱི་དགོས་ངེས་ཤེས་ཡོན་ཐོབ་ཡོད་པ་དང་། མཐོ་སློབ་ཐོན་ནས་ད་ལྟ་ཕྱག་ལས་གནང་བཞིན་ཡོད་ཁར། ཁོང་དང་ཁོང་གི་ནང་མིས་ཕྱིའི་བསུན་བཙེར་མེད་པའི་མི་ཚེ་སྐྱེལ་འདོད་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

ཚེས་༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གི་སྐད་ཆ་དེའི་ལན་འདེབས་སུ་སྲིད་སྐྱོང་གིས།  རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྩ་ཆེ་ཤོས་གྲས་ཤིག་ད་བར་ལོ་ངོ་༢༥ ཧྲིལ་པོར་བཙན་དབང་འོག་དམ་བསྒྲགས་བཀག་བསྐྱིལ་བྱས་ནས་རང་དབང་དང་བྲལ་ཞིང་། ནང་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་གྱི་གོ་སྐབས་ཀྱང་རྩ་བ་ནས་ཕུལ་མེད། འོན་ཀྱང་ད་བར་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཟུགས་གསལ་ཐང་ངང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ཚུལ་ཁུངས་མེད་ཀྱི་འཁྱོག་བཤད་སྣ་ཚོགས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་བསླུ་བྲིད་བྱེད་ཐབས་བྱས་དང་བྱེད་མུས་ཡིན། 

གལ་ཏེ་རྒྱ་ནག་གཞུང་གིས་བཤད་པ་ལྟར་༧པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་པ་དང་།  མི་སེར་དཀྱུས་མའི་འཚོ་བ་སྐྱེལ་བཞིན་ཡོད་ན་ང་ཚོར་ཁོང་གི་ཞལ་རས་མཇལ་བཅུག་དང་།  འཛམ་གླིང་མི་མང་གིས་ཁོང་ལ་མཇལ་འདོད་ཡོད།  ཁོང་གི་དད་ལྡན་རྗེས་འབྲང་པ་ཚོས་ཁོང་གི་ཞལ་མཇལ་རྒྱུ་དང་གསུང་ཐོས་རྒྱུ་བྱུང་ན་བསམ་ནས་ཡོད།   བོད་མི་ས་ཡ་དྲུག་གིས་ཀྱང་ཁོང་གི་ཞལ་རས་མཇལ་འདོད་དང་གསུང་ཐོས་འདོད་བྱེད་བཞིན་ཡོད། 

རྒྱ་ནག་གཞུང་གིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མུ་མཐུད་གསང་བའི་ཐོག་བཀག་བསྐྱིལ་བྱ་རྒྱུ་མཚམས་འཇོག་བྱས་ནས་ཁོང་དང་ཁོང་གི་ནང་མི་རྣམས་ལ་རང་དབང་སྤྲོད་དགོས། མི་ཚེ་ཧྲིལ་པོ་༣༡ རིང་རང་དབང་དང་བྲལ་ཞིང་།  མི་ཚེའི་མདུན་ལམ་ཐག་གཅོད་གནང་རྒྱུའི་ཐོབ་ཐང་འཕྲོག་པ་དེ་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

འདི་ལོར་རྒྱ་ནག་གཞུང་གིས་༧པན་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ནས་ལོ་ངོ་༢༥ འཁོར་གྱི་ཡོད་པས། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་ཀྱིས་ལས་འགུལ་མང་པོ་ཞིག་སྤེལ་མུས་ཡིན་ཁར། ཁོང་གློད་གྲོལ་གཏོང་དགོས་པའི་དགོས་འདུན་ཤུགས་ཆེན་བཏོན་བཞིན་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐོག་སྐད་ཆ་ཏོག་ཙམ་བཤད་པ་དག་མ་གཏོགས། སྐད་ཆ་དེ་དག་དངོས་ཡོད་ཡིན་མིན་ར་སྤྲོད་བྱེད་ཐབས་མེད་ཁར། ཁོང་སྐུ་འཚོ་བཞུགས་ཡིན་མིན་གྱི་གནས་ཚུལ་ཙམ་ཡང་གསལ་པོ་ཤེས་ཐུབ་ཀྱི་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།