སྲིད་སྐྱོང་གིས་ཏི་ཛུའི་མི་མང་ལ་སྤྱི་ཚོགས་དོ་ཕོག་གི་གསུང་བཤད་དང་འབྲེལ་ཏེ་དགོངས་དག་ཞུས་སོང་།

ཕྱི་ཟླ་༣ པའི་ཚེས་༢༧ ཉིན་སྐབས་བཅུ་བདུན་པའི་བོད་མི་མིང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་པ། དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་།

པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

སྐབས་དེར་སྤྱི་འཐུས་མང་པོས། ཕྱི་ཟླ་༡ པོའི་ནང་། སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་དང་འབྲེལ། བཀའ་མོལ་གནང་ཕྱོགས་ཤིག་གིས་མི་མང་ནང་སེམས་འཚབ་དང་བློ་ཕམ། ཆོལ་ཁ་གཅིག་ལ་དམའ་འབེབས་བྱས་ན་རྩ་བ་ཉིད་ནས་འགྲིག་གི་མེད་པ། བཀའ་མོལ་དེས་བོད་མིའི་ཆིག་སྒྲིལ་ལ་དོ་ཕོག་བཏང་ཡོད་པས། ནང་སྲིད་བཀའ་བློན་གྱིས་བཀའ་མོལ་དེ་ཆོལ་ཁ་གཅིག་གི་དཔའ་བོ་སོགས་ལ་མཚན་སྨད་ཆགས་ཀྱི་ཡོད་མེད་དང་། མ་འོངས་པར་བཀའ་མོལ་གང་གནང་ལ་ཐུགས་གཟབ་དགོས་པའི་དགོངས་ཚུལ་དང་དོགས་འདྲི་ལ་ལན་ངེས་པར་དུ་དགོས་པའི་སྐུལ་མ་ཡང་ཡང་ཞུས་པ་བཞིན། ནང་སྲིད་བཀའ་བློན་གྱིས་དེའི་སྐོར་ཞིབ་དཔྱད་བྱ་རྒྱུ་ཡིན་པར་གསུངས་ཏེ། སྔ་དྲོའི་ཚོགས་ཐུན་མཐའ་མའི་སྐབས་སུ་དེ་འབྲེལ་གྱི་ལན་གནང་ཡོད་པ་དང་། དེ་ཡང་སྒེར་དྲུང་གིས་ཁྱེར་ཡོང་བའི་སྒྲ་ལ་ཉན་པས། ”ལྷག་པར་དུ་ཁམས་པ་ཨ་མདོ་ཚོས་གནས་ཚུལ་འགོ་མ་ཚུད་པ་བྱས། སོ་སོའི་ལུང་པའི་ཞེན་ཁོག་དེ་ཤུགས་ཆེན་པོ་བྱས། འཛམ་བུ་གླིང་སྤྱི་ཡོངས་ལ་འགྱུར་བ་ག་རེ་འགྲོ་གི་འདུག དེ་ང་ཚོ་ལ་ཤུགས་རྐྱེན་ག་རེ་ཐེབས་ཀྱི་འདུག དེར་ཇུས་གཏོགས་ཁོོ་རང་ཡོད་མ་རེད” ་སོགས་བརྗོད་ཡོད་པ་དང་། སྐབས་དེར་ཁམས་པ་དང་ཨ་མདོ་ཚོ་ཞེས་ལབ་པའི་བར། མི་གཞན་ཞིག་གིས་གློ་ཞིག་བརྒྱབ་ཡོད་པར་བརྟེན། ཨ་དེ་ཆད་ནས་ཁམས་པ་དེ་ཚོ་ཟེར་བ་འདྲ་ཞིག་ཆགས་ཡོད་སྐོར། སྒྲ་དེ་གཙང་མ་བཟོ་ཆེད་སྦེང་ལོར་དུ་ངོ་ཤེས་ཤིག་ལ་མངགས་ཡོད་པ་དང་། སྐད་ཆ་དེའི་དབང་གིས་སྤྱི་ཚོགས་དང་ཆོལ་ཁ་སོགས་ལ་དོ་ཕོག་ཕྱིན་ཡོད་ན་དགོངས་དག་ཞུ་གི་ཡིན་ཞེས་ལན་འདེབས་གསལ་བཤད་གནང་སོང་། དེའི་རྗེས་ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་དང་དམིགས་བསལ། ཟུར་བཀོལ་བཅས་ཀྱི་སྔོན་རྩིས་གཏན་འབེབས་གནང་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།