སྲིད་སྐྱོང་གིས་མི་མང་ལ་རྫུན་བཤད་པ།

བསྟན་འཛིན་ཉིན་བྱེད། ལྷོ་ཕྱོགས་སེར་ར།
ཟླ་བ་༩ པའི་ཚེས་༧ ལ་སྲིད་སྐྱོང་བློ་སེང་མཆོག་ཕྱག་ཚོད་ལྔ་དང་ཕྱེད་ཙམ་ལ་སེ་ར་བླ་སྤྱི་ལ་ཕེབས་སོང་ལ། གཞུང་འབྲེལ་ཕེབས་བསུ་ཟབ་རྒྱས་ཞུས་སོང་། དེ་ནས་ཁོང་གིས་ལས་དོན་གྲུབ་འབྲས་སྐོར་བཤད་སོང་ཡང་བདེན་པ་མིན་པའི་གནས་ཚུལ་མང་པོ་ཞིག་བཤད་སྟབས་མི་འབྲི་ཀ་མེད་བྱུང་།

དང་པོ་བོད་རྒྱ་འབྲེལ་མོལ་སྐོར་བཀའ་ཤག་སྔོན་མ་ལས་ལྷག་པ་མེད་ཀྱང་སྐྱོ་བ་མེད་ཟེར། བཀའ་ཤག་སྔོན་མའི་སྐུ་ཚབ་ཐེངས་དགུ་མངགས་ནས་རྒྱ་གཞུང་དང་ཐད་ཀར་སྐད་ཆ་བཤད་ཡོད་པ་མ་ཟད་རང་སྐྱོང་གི་ཡིག་ཆ་སྤྲད་ཡོད། བཀའ་ཤག་འདིས་སྐུ་ཚབ་གཏོང་བ་ཕར་ཞོག་སྐུ་ཚབ་བསྐོ་བ་ཙམ་ཡང་བྱེད་ཐུབ་མེད་པས་སྲིད་སྐྱོང་སྐད་ཆ་དེ་བདེན་པ་མིན་པ་སུས་ཀྱང་ཤེས་ཐུབ།

གཉིས་པ་སློབ་ཡོན་སྤྲོད་སའི་སློབ་ཕྲུག་གི་ཕྱེད་ཀ་མ་ཟིན་ཙམ་ཁྱད་ལས་པའི་སློབ་ཡོན་སྤྲོད་ཀྱི་ཡོད། ལོ་ཉི་ཤུའི་ནང་ཚུན་ཁྱད་ལས་པ་ཁྲི་ལྷག་ཡོང་ངེས་ཡིན་ཟེར། ཟམ་གདོང་གི་སྐབས་ནས་ཁྱད་ལས་བའི་སློབ་ཡོན་དེ་ལྟར་སྤྲོད་ཀྱི་ཡོད་ཅིང་། འདི་ཁོང་གི་གྲུབ་འབྲས་ཡིན་པ་བཤད་པ་ནི་བདེན་པ་དང་བཟང་སྤྱོད་གཉིས་ཀ་དང་འགལ་བའི་གཏམ་རེད།

གསུམ་པ་གཅིག་སྒྲིལ་བྱས་ཡོད་ཟེར། རྒྱུ་མཚན་བོད་དང་རྒྱ་གར་གྱི་རྒྱལ་སྤྱི་ཚོགས་ཆེན་འཚོགས་ཡོད་ཟེར། གཅིག་སྒྲིལ་ཞེས་པ་གཞི་རིམ་མི་མང་ནང་ནས་ཡོང་དགོས་པ་མ་གཏོགས་ཚོགས་འདུ་འཚོགས་པ་ཙམ་གྱིས་གཅིག་སྒྲིལ་མཚོན་མི་ཐུབ་པ་སུས་བལྟས་ཀྱང་ཤེས་ཐུབ།

བཞི་པ་ཤེས་ཡོད་ཡར་རྒྱས་གཏོང་ཚར་ཟེར། ཨང་ཀི་མཐོན་པོ་ལོན་ཀྱང་དོན་དམ་པའི་ཤེས་ཡོད་ཡག་པོ་ཡོད་པའི་ངེས་པ་མེད་ཅིང་། བརྒྱ་ཆའི་སྟེང་ནས་བཤད་ནའང་འཛིན་གྲྭའི་བཅུ་པའི་བརྒྱ་ཆ་ད་ལོ་སྐྱོ་རུ་ཕྱིན་ཡོད། མ་ཟད་བགྲོ་གླེང་དེར་འབྲེལ་ཡོད་དགེ་རྒན་ཞིག་གིས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭའི་ནང་ལ་ཉིན་རེའི་སློབ་ཚན་ཁག་ཧ་ཅང་འཐུས་ཤོར་ཆེན་པོ་འགྲོ་གི་ཡོད་པའི་གསལ་བཤད་བྱས་སོང་། བརྒྱ་ཆ་༧༥ ཡན་ལོན་ན་དཔེ་ཤག་མང་བ་རག་གི་ཡོད་ཙང་རྒྱུག་སྤྲོད་ཀྱི་སློབ་ཚན་ཙམ་ལ་འབད་བརྩོན་བྱས་པའམ་ཡང་ན་ཐབས་ཤེས་འདྲ་མིན་བྱས་པའི་དོགས་པ་ཡོད།

ལྔ་པ་གསར་གཏོད་བྱས་པ་ཆུ་ཚོད་༡༢ བར་བཤད་ཀྱང་མི་ཚར་ཟེར། མཚན་གཞི་ཁ་ཤས་བགྲང་བ་ནི། བོད་གནས་ཉམས་ཞིབ་ཁང་སྲིད་བྱུས་ཉམས་ཞིབ་ཁང་དུ་བསྒྱུར་བ་དང་། སློབ་ཡོན་སྤར་ཆ་གནང་བ་སོགས་ཡིན་ཟེར། དེ་ཚོ་གསར་གཏོད་ཡིན་ན་གསར་གཏོད་ཀྱི་ལས་ཀ་མི་བྱེད་མཁན་སྲིད་སྐྱོང་གཅིག་ཀྱང་ཡོང་མི་སྲིད།

དྲུག་པ་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་ཟེར། མཚན་གཞི་ཨོ་སུ་ཁྲུ་ལི་ཡ་ལ་སོགས་ལ་ལས་འགུལ་སྐབས་མི་གྲངས་བདུན་སྟོང་ལྷག་དང་ས་གནས་གཞན་དུ་མི་གྲངས་སུམ་སྟོང་ཙམ་འཛོམས་ཟེར། ཡོ་རོབ་སྤྱི་འཐུས་ཀྱིས་ལས་འགུལ་དེ་དག་སྐབས་ཕྱི་རྒྱལ་མི་གྲངས་བརྒྱ་ལྷག་ཙམ་མ་གཏོགས། བོད་པ་རྐྱང་རྐྱང་ཡིན་པ་གྲོས་ཚོགས་ནང་གསལ་པོ་བཟོས་ཟིན་ལ་ཕྱི་དྲིལ་ལས་ཀྱིས་ངོས་ལེན་ཀྱང་གནང་ཡོད། འཁྲུགས་ཆ་དོད་པའི་སྐབས་འདི་གཞི་མེད། དཀྲོག་གཏམ་སྤེལ་བ་ལྟར་མ་ཡིན་པ་འདི་ནི་དངོས་ཡོད་གང་བྱུང་བ་བཀོད་པ་ཡིན་ཞིང་དེ་ཡང་འཆི་ལ་ཉེ་བའི་མི་རིགས་འདིའི་ཆེད་དུ་ཡིན།།