སྲིད་སྐྱོང་གིས་ལངས་ཕྱོགས་གང་ཡིན་ལ་མ་ལྟོས་པར་ལས་འགུལ་སྤེལ་རྒྱུ་གལ་ཆེ་སྐོར་གསུངས་སོང་།
སྲིད་སྐྱོང་བློ་བཟང་སེང་གེས་བོད་མི་ནང་ཁུལ་ལ་བཤད་རེས་རྐྱང་བྱས་ནས་སྡོད་པ་ལས། བོད་དོན་འཐབ་རྩོད་ཆེད་ལངས་ཕྱོགས་གང་ཡིན་ལ་མ་ལྟོས་པར། ལས་འགུལ་མང་པོ་སྤེལ་དགོས་པའི་འབོད་སྐུལ་དང་ལས་འགུལ་སྤེལ་མཁན་རྣམས་ལ་བསྟོད་བསྔགས་གནང་བ་དང་སྦྲགས། བོད་མིའི་སྤྱི་ཚོགས་ནང་རྒྱ་ནག་གི་གསང་མྱུལ་ལ་དོགས་གཟོན་དང་སྤྱང་གྲུང་བྱེད་དགོས་སྐོར་གསུངས་སོང་།
ཟླ་༩ པའི་ཚེས་༢༥ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་པར་སྐྲུན་གནང་བའི་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་གཞི་རིམ་ཉམས་ཞིབ་ཅེས་པའི་སྙན་ཐོའི་དེབ་དེ། སྲིད་སྐྱོང་བློ་བཟང་སེང་གེ་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་གཉིས་ནས་དབུ་འབྱེད་གནང་སོང་། རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་སྤྱི་ཚོགས་ཐོག་གི་ཉམས་ཞིབ་སྙན་ཐོ་བཏོན་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག
དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་གསུང་དོན་ལ། ཉམས་ཞིབ་སྙན་ཐོ་དེའི་ཆེད་དུ་རྒྱ་བལ་འབྲུག་གསུམ་ཕུད་པའི་རྒྱལ་སྤྱིའི་རྒྱལ་ཁབ་༢༨ ནང་དུ་ཞིབ་འཇུག་བྱས་ཡོད་འདུག་པ་དང་། དེ་ཡང་ཨ་རི་དང་ཁེ་ན་ཌ་ཁུལ་དུ་བསྟན་འཛིན་སྒྲོལ་དཀར་དང་། ཡུ་རོབ་དང་ཨོ་སི་ཀྲོ་ལི་ཡ་ཁུལ་དང་ཤར་ཨེ་ཤི་ཡ་ཁུལ་དུ་བློ་བཟང་ཆོས་སྒྲོན་བསམ་གཏན་གྱིས་ཉམས་ཞིབ་བྱས་འདུག ཉམས་ཞིབ་ཀྱི་སྙན་ཐོའི་ནང་དུ་རྒྱབ་གཉེར་བསམ་འཆར་དོན་ཚན་ཨ་མ་༡༠ དང་ནང་གསེས་དོན་ཚན་༡༠༠ ལས་མང་བ་འདུག
ཉམས་ཞིབ་སྙན་ཐོ་དེའི་ནང་བྱང་ཨ་རི་ཁུལ་དུ་བོད་མི་༣༦,༠༩༨ དང་ཡུ་རོབ་ཁུལ་དུ་བོད་མི་༢༤,༡༧༢། ཨོ་སི་ཀྲོ་ལི་ཡ་ཨེ་ཤི་ཡ་ཁུལ་དུ་༡༨༡༧། ཤར་ཨེ་ཤི་ཡ་ཁུལ་དུ་་བོད་མི་༣༩༠ བཅས་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་ལོགས་སུ་བཙན་བྱོལ་བོད་མི་༦༢,༤༧༧ ཡོད་འདུག འོན་ཀྱང་བྱང་ཨ་རི་ཁུལ་གྱི་ས་གནས་ཁག་ཅིག་གི་མི་འབོར་དེ་རོབ་རྩིས་བྱས་ཡོད་འདུག དེ་བཞིན་ཡུ་རོབ་ཁུལ་དུ་ཕྱི་ལོ་༢༠༠༩ ལོར་བོད་མི་༥༥༨༥ ཡོད་འདུག་ཀྱང་༢༠༢༠ ལོར་བོད་མི་༢༤༡༧༢ ཡོད་འདུག་པས་མི་འབོར་༡༨༥༨༧ འཕར་ཡོད་འདུག དེ་ཡང་ཧྥ་རན་སིར་༢༠༠༩ ལོར་བོད་མི་༤༨༦ ཡོད་འདུག་ཀྱང་༢༠༢༠ ལོར་བོད་མི་༨༠༠༠ ཡོད་འདུག་པས་མི་གྲངས་༧༥༡༤ འཕར་ཡོད་འདུག དེ་བཞིན་བྷེལ་ཇེམ་ལ་ལོ་དེ་གཉིས་བར་མི་འབོར་༤༡༣༧ དང་སུད་སི་དང་ལཱི་ཁེན་སེ་ཌན་གཉིས་ལ་མི་འབོར་༥༡༠༩ འཕར་ཡོད་འདུག་པས། ད་ལྟའི་ཆར་ཡུ་རོབ་ནང་བོད་མི་མང་ཤོས་ཀྱི་རྒྱལ་ཁབ་ནི་སུད་སི་དང་ཧྥ་རན་སི་ཆགས་ཡོད་འདུག
སྲིད་སྐྱོང་བློ་བཟང་སེང་གེས་སྙན་ཐོ་དང་འབྲེལ་ནས་གསུང་དོན་ལ། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ས་གནས་གཞན་གྱི་བོད་མིའི་མི་འབོར་དེ་བརྒྱ་ཆ་༥༠ དང་༥༠ ཆགས་བསྡད་པའི་དངོས་ཡོད་གནས་སྟངས་ཡིན་པ་དང་། དེ་སྔ་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་སྤྱི་ཚོགས་གནས་སྟངས་སྐོར་ཉམས་ཞིབ་སྙན་ཐོ་མང་པོ་ཞིག་བཏོན་ཡོད་ཀྱང་། ད་བར་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བོད་མིའི་སྤྱི་ཚོགས་ཐོག་ཞིབ་འཇུག་སྙན་ཐོ་འདོན་ཐུབ་མེད་པས། ཐེངས་འདིའི་སྙན་ཐོ་དེ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། སྔོན་ཚུད་ནས་ཁུལ་དེ་གར་ཞིབ་འཇུག་བྱེད་པའི་སྒྲོམ་གཞི་མེད་ཀྱང་། ཞིབ་འཇུག་པ་གཉིས་ནས་ཞིབ་འཇུག་ཡག་པོ་བྱས་ཡོད་སྐོར་བརྗོད་ནས་བསྟོད་བསྔགས་གནང་སོང་། དེ་བཞིན་སྲིད་སྐྱོང་གིས་རྒྱ་བལ་འབྲུག་གསུམ་གྱི་བོད་མི་དང་དེའི་ཕྱི་ལོགས་སུ་གནས་མཁན་བོད་མི་ཚང་མར་རྩ་དོན་འགན་གཅིག་མཚུངས་དང་། ༧གོང་ས་མཆོག་དབུ་ཁྲིད་གཅིག་མཚུངས་ཡིན་པས། ཕྱོགས་གཉིས་བར་རྒྱུས་ལོན་དང་འབྲེལ་ལམ་འཛུགས་རྒྱུ་གལ་ཆེན་ཡིན་རྐྱེན། བོད་མིའི་སྒྲིག་འཛུགས་ནས་གཟའ་མཇུག་སློབ་གྲྭ་ཁག་གི་སློབ་དེབ་བཟོ་སྒྲིག་སོགས་ཀྱི་ཆ་རྐྱེན་ཁག་ཅིག་བསྐྲུན་ཡོད་ཁར་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་གནས་ཡུལ་རྒྱལ་ཁབ་མང་པོ་ཞིག་གི་སྐད་ཐོག་ནས། བོད་ཀྱི་བརྙན་འཕྲིན་བརྒྱུད་ནས་བདུན་རེའི་གསར་འགྱུར་སྒྲོགས་སྦྱང་བྱས་ཏེ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྐོར་གསུངས་སོང་།
བོད་དོན་ལས་འགུལ་དང་འབྲེལ་ནས་སྲིད་སྐྱོང་གིས་བོད་མི་ཚོས་ནང་ཁུལ་ལ་བཤད་རེས་བྱས་ནས་སྡོད་པ་ལས། ལངས་ཕྱོགས་གང་ཡིན་ལ་མ་ལྟོས་པར། ཆབ་སྲིད་དང་རྩ་དོན་གྱི་ལས་འགུལ་མང་པོ་སྤེལ་དགོས་པ་གལ་ཆེན་ཆགས་ཡོད་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ནི་དབུ་མའི་ལམ་ཡིན་པ། མི་ཁག་ཅིག་གིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་ནང་ཁུལ་དུ་བཤད་རེས་རྐྱང་བྱས་ནས་བསྡད་ཀྱི་ཡོད་པ་དང་། མང་གཙོའི་ནང་དེ་འདྲ་དགོས་ཀྱི་ཡོད་པ་རེད་དེ་བོད་མི་ཚོས་མི་དེ་རིགས་ཀྱིས་ད་བར་སྤྱི་ཚོགས་ཞབས་ཞུ་དང་བོད་དོན་ལ་ལས་འགུལ་ག་རེ་སྤེལ་ཡོད་མེད་སོགས་ཀྱི་རྒྱབ་ལྗོངས་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་ཆགས་ཡོད་པ། རྒྱ་ནག་གིས་ཨ་རི་དང་ཡུ་རོབ་སོགས་ཀྱི་མངའ་སྡེ་དང་གྲོང་ཁྱེར་ཁག་གི་སྲིད་དོན་མི་སྣ་ཁག་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་པས། བོད་མི་ཚོས་ཀྱང་ལས་འགུལ་སྤེལ་རྒྱུ་དང་རྒྱལ་ཁབ་དེ་དག་གི་གྲོས་ཚོགས་ལ་ཞུ་གཏུག་དང་གཞུང་ནང་དུ་ཞུགས་ཐབས་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་རྗེས། ཉེ་བའི་ཆར་རྒྱལ་སྤྱིའི་ནང་ཞི་བའི་གོམ་བགྲོད་དང་ལས་འགུལ་གཞན་སྤེལ་མཁན་ཁག་ཅིག་མིང་འདོན་དང་ལས་འགུལ་ག་རེ་སྤེལ་ཡོད་པ་གསུངས་ནས། ཚང་མར་བསྟོད་བསྔགས་གནང་སོང་།
རྒྱ་ནག་གི་གསང་མྱུལ་དང་འབྲེལ་ནས་སྲིད་སྐྱོང་གིས་བོད་མི་ཚོས་དོགས་གཟོན་དང་སྤྱང་གྲུང་བྱེད་རྒྱུ་གལ་ཆེན་ཆགས་ཡོད་པ། སྤྱིར་བཏང་སྲིད་སྐྱོང་ཕྱི་རྒྱལ་ཁག་ཏུ་བསྐྱོད་སྐབས་རྒྱ་མིའི་གཞུང་ཚབ་ཁག་ཏུ་ལོ་གསར་སོགས་གཏོང་བར་འགྲོ་མཁན་བོད་མི་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་བྱུང་ཡོད་ཀྱང་། འགྲོ་མཁན་ཚང་མ་གསང་མྱུལ་ལམ་མི་ངན་མིན་ཡང་འགྲོ་མཁན་ཁག་ཅིག་ལ་དོགས་ཟོན་བྱེད་འོས་པ་ཡིན། བོད་མིའི་སྒྲིག་འཛུགས་ངོས་ནས་དོན་གཅོད་ཁང་ཁག་བརྒྱུད་ནས་རྒྱལ་སྤྱིའི་གཞུང་རྣམས་ལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་གསང་མྱུལ་གྱི་གནད་དོན་ཐོག་ཞིབ་འཇུག་བྱེད་པའི་རེ་སྐུལ་ཞུས་མྱོང་བ་དང་ཞུ་མུས་ཡིན་པ། དེ་བཞིན་རྒྱ་ནག་གི་གསང་མྱུལ་བ་འཛིན་བཟུང་བྱུང་བ་རྣམས་ཀྱིས་ཡོངས་གྲགས་སུ་ཕྱི་ལ་ཐོན་ནས་ལས་འགུལ་མི་སྤེལ་བར་རྒྱབ་ནས་བརྒྱུད་སྐུལ་བྱེད་ཀྱི་འདྲ་བོ་འདུག་པས། བོད་མི་ཚོས་དེ་འདྲ་བྱེད་མཁན་རིགས་ལ་དོགས་གཟོན་བྱེད་དགོས་ཀྱི་ཡོད་སྐོར། དེ་བཞིན་ཉེ་ཆར་འཛིན་བཟུང་བྱས་པའི་རྒྱ་ནག་གི་གསང་མྱུལ་བ་རྒྱ་གར་གྱི་གསར་འགོད་པ་དེ་དང་འབྲེལ་ནས་གསུང་དོན་ལ། དེ་སྔོན་གསར་འགོད་པ་དེས་༧གོང་ས་མཆོག་དང་སྲིད་སྐྱོང་བར་འགལ་ཟླ་ཡོད་པའི་གནས་ཚུལ་སྤེལ་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་ཚུད་པའི་བོད་མི་ཁག་ཅིག་གིས་བསམ་བློ་གང་ཡང་མ་བཏང་བར། ཕྱོགས་ཞེན་ཁོ་ནས་གནས་ཚུལ་དེ་ངོ་དེབ་སོགས་ཏུ་བརྒྱུད་སྤེལ་གང་མང་བྱས་ཡོད་པས། མཐའ་མ་དེར་གནས་ཚུལ་འབྲི་མཁན་དེ་རྒྱ་ནག་གིས་དངུལ་སྤྲད་ནས་གནས་ཚུལ་རྫུན་མ་དང་དཀྲུག་སློང་བྱེད་དུ་འཇུག་ཡུལ་གསང་མྱུལ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད་པ་རེད་དེ། གནས་ཚུལ་དེ་བརྒྱུད་སྤེལ་བྱེད་མཁན་བོད་མི་ཁག་ཅིག་བྱུང་ཡོད་པས། རྔ་རྒྱ་ནག་གིས་བརྡུང་། འཁྲབ་མཁན་བོད་མི་ཁག་ཅིག་ཆགས་འདུག་པས། རྒྱ་ནག་གི་ལག་ཆར་མི་འགྱུར་བ་དང་བེད་སྤྱོད་འོག་ལ་མ་ཚུད་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
དེ་བཞིན་རྡ་སར་ཏོག་དབྱིབས་ནད་དུག་གི་ཛ་དྲག་གནས་སྟངས་དང་འབྲེལ་ནས། ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེ་ནང་ཡུལ་སྐོར་སྤྲོ་འཆམ་པ་སླེབས་སྟངས་ལ་གཞིགས་ན། བཞུགས་སྒར་མེག་གྷན་དུ་སྔ་ཕྱི་མ་གཏོགས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་ཡིན་ཚོད་འདུག་པས། རྡ་སའི་ས་གནས་འགོ་འཛིན་ལས་ཁུངས་སུ་དང་བླངས་ཐོག་ནས་མི་མང་ལ་ཞབས་ཞུ་བྱེད་མཁན་ཡོང་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དབུས་ནས་ལས་བྱེད་བཞི་བཏང་ཡོད་ཀྱང་། ད་དུང་དང་བླངས་པ་དགོས་ཀྱི་ཡོད་པས། ནམ་རྒྱུན་རྡ་སར་སྐད་གྲགས་ཆེ་བའི་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཡོད་པ་དང་། ནང་ཁུལ་གྱི་གནད་དོན་ལ་གསལ་བསྒྲགས་སྤེལ་བ་སོགས་ཧུར་པོ་ཡོད་ཀྱང་། ད་ལྟ་མི་མང་ཞབས་ཞུ་ལས་དོན་དེར་དང་བླངས་བྱེད་མཁན་མི་འདུག་པས། དང་བླངས་པ་དགོས་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།