སྲིད་སྐྱོང་གིས་ལྕམ་ནན་སི་པེ་ལོ་སི་ལ་ཐུགས་རྗེ་ཆེ་ཞུས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་ཡིས་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་གནས་ནས་རྒན་ཡོལ་གནང་རྒྱུའི་གསལ་བསྒྲགས་གནང་བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ལྕམ་ཁོང་ལ་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན། སྐུ་ཉིད་ཀྱིས་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་གནས་ནས་རྒན་ཡོལ་གནང་རྒྱུའི་གསལ་བསྒྲགས་གནང་བའི་གནས་ཚུལ་གོ་ཐོས་བྱུང་བས་བོད་མི་རྣམས་ཚུད་པའི་འཛམ་གླིང་གི་མི་མང་པོར་གྱོང་གུན་ཆེན་པོ་ཕོག་ཡོད་པའི་ཚོར་སྣང་བྱུང་།

སྐུ་ཉིད་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གནང་བའི་སྐབས་སེམས་ཤུགས་དང་། གདེང་སྤོབས། རེ་བ་ཆེན་པོའི་འབྱུང་གནས་ལྟ་བུ་ཚོར་བྱུང་ལ། སྐུ་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་གནང་སའི་མཛའ་གྲོགས་ཡིན་པ་དང་། ལྷག་པར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་སུ་བོད་དོན་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་ཐབས་སུ་སྐུ་ཉིད་ཀྱིས་འགྲན་ཟླ་བྲལ་བའི་སྣེ་ཁྲིད་དེ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། བོད་ནང་གི་བོད་མིའི་མངོན་འདོད་ལྟར་བོད་མིའི་རྩ་དོན་གོང་མཐོར་ཤུགས་ཆེ་བཏང་གནང་བར་བོད་མི་ཡོངས་ནས་དུས་རྟག་ཏུ་བཀའ་དྲིན་ཤིན་ཏུ་ཆེ་ཞུ་བཞིན་ཡོད།

དོན་དངོས་སུ་སྐུ་ཉིད་ཀྱིས་འབྱུང་འགྱུར་གྱི་ལོ་ཟླའི་ནང་ཞུམ་པ་མེད་པའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གནང་སྟེ་ཞབས་འདེགས་བསྒྲུབ་རྒྱུར་ང་ཚོས་མུ་མཐུད་བལྟ་ཐུབ་ངེས་ཡིན་པས་དགའ་པོ་བྱུང་། ཕྲན་རང་ཉིད་ཀྱིས་ང་ཚོའི་མ་འོངས་ལས་དོན་བྱེད་ཕྱོགས་ཐད་སྐུ་ཉིད་ཀྱི་ལམ་སྟོན་ཞུ་རྒྱུར་རེ་ལྟོས་བྱེད་ཀྱི་ཡོད། སྐུ་ཉིད་ཀྱི་སྐུ་ཟླ་སྐུ་ཞབས་པོལ་པེ་ལོ་སི་ (Paul Pelosi) མཆོག་དྲག་སྐྱེད་ཡོང་བཞིན་པ་གོ་ཐོས་བྱུས་བས་བློ་བདེ་པོ་བྱུང་། ང་ཚོས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཀྱི་སྐུ་ཟླ་སྐུ་ཞབས་པོལ་པེ་ལོ་སི་ (Paul Pelosi) མཆོག་མགྱོགས་མྱུར་དྲག་སྐྱེད་ཡོང་སླད་རྡ་ས་ཁུལ་གྱི་དགོན་སྡེ་ཁག་ཏུ་ཞབས་བརྟན་བསྒྲུབ་ཡོད།

ང་ཚོས་སྐུ་ཉིད་ཀྱི་ནང་མི་རྣམས་ཀྱི་བདེ་འཇགས་དང་བདེ་དོན་ཆེད་དུ་འཛམ་གླིང་ཡོངས་ནས་ཐུགས་སྨོན་གནང་མཁན་རྣམས་དང་ལྷན་དུ་མཉམ་རུབ་ཀྱིས་སྨོན་ལམ་འདེབས་བཞིན་ཡོད། སླར་ཡང་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཀྱིས་ལྷག་བསམ་རྣམ་དག་གིས་བོད་མིར་བཅིངས་པའི་མཛའ་གྲོགས་ཀྱི་འདུ་ཤེས་དང་ཆོད་སེམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:

Leave a Reply