སྲིད་སྐྱོང་གིས་ལྡི་ལིར་གནས་སྡོད་མང་ཚོགས་ལ་གསུང་བཤད་གནང་བ། 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཟླ་ ༧ ཚེས་ ༡༢ ཉིན་རྒྱབ་ནས་ཚེས་ ༡༦ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་ཁག་གཅིག་མཇལ་མོལ་དང་། དེ་བཞིན་ལྡི་ལི་བསམ་ཡས་གླིང་དུ་མང་ཚོགས་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་ལྟར། ཚེས་༡༥ ཉིན་སྲིད་སྐྱོང་གིས་བོད་ཁྱིམ་ཉིན་སློབ་ཏུ་མང་ཚོགས་ལ་གསུང་བཤད་གནང་འདུག 

སྐབས་དེར་ཁོང་གིས་གསུང་དོན། རྒྱ་ནག་དམར་ཤོག་གཞུང་གི་བཅིངས་གྲོལ་དམག་གིས་བོད་ལ་དབང་བསྒྱུར་མ་བྱས་གོང་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མཁས་དབང་དང་ཉམས་ཞིབ་པ་སོགས་ཀྱིས་ཁ་གཅིག་གྲག་ཏུ་བརྗོད་ཀྱི་ཡོད་སྐོར་དང་། བོད་ཀྱི་མི་རབས་གསར་པའི་གཞོན་སྐྱེས་རྣམས་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་སྐོར་སློབ་སྦྱོང་བྱེད་དགོས་པ།  ཕྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་པ་དང་བསྟུན་ཕྱི་ཚེས་ ༢༣ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་མདུན་དུ་བོད་དོན་སྐོར་ཉན་ཞིབ་ལས་རིམ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་སྐུ་ཞབས་མཱ་ཡི་ཀེལ་ཝན་ཝལ་ཊི་ (Michael Van Walt) ལགས་དང་རྒྱ་རིགས་མཁས་དབང་(Hon-Shiang Lau) ལགས་རྣམ་གཉིས་ནས་ལོ་རྒྱུས་ཐོག་བོད་འདི་རྒྱ་ནག་གི་ཆ་ཤས་སུ་གྱུར་མྱོང་མེད་པའི་དཔང་རྟགས་ཁུངས་སྐྱེལ་ར་སྤྲོད་གནང་བ་མ་ཟད། ད་ལྟ་རྒྱ་ནག་གཞུང་གིས་ཆེད་མངགས་བོད་ཀྱི་ལོ་རྒྱུས་ལོག་བཤད་བྱས་ཏེ་འཛམ་གླིང་མི་མང་ལ་བསླུ་བྲིད་བྱེད་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་པ་སོགས་གསུངས་པའི་སྐོར་དྲན་གསོ་གནང་ཡོད།

གཞན་ཡང་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་གཞི་གསར་པ་དང་བླངས་བོད་དོན་ཞུ་གཏུག་གི་རྒྱབ་ལྗོངས་དམིགས་ཡུལ་སྐོར་གསུངས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་གཞི་སྤེལ་བཞིན་ཡོད་པས་བོད་མི་མང་ཚོགས་ནས་ལས་གཞི་དེར་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་གྲུབ་མཚམས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply