སྲིད་སྐྱོང་གིས་ཨ་རིའི་འདེམས་ཐོན་སྲིད་འཛིན་སོགས་ལ་འཚམས་འདྲི་ཞུས་འདུག
སྲིད་སྐྱོང་གིས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པི་ལོ་སི། གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེག་གོ་ཝན་བཅས་སླར་ཡང་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུས་འདུག
ཟླ་འདིའི་ཚེས་༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ལ་སླར་ཡང་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པའི་ནང་། སྲིད་སྐྱོང་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཨ་རིའི་སྲིད་འཛིན་བཞི་བཅུ་ཞེ་བདུན་པར་བདམས་ཐོན་བྱུང་བར་སྐུ་ཉིད་དང་སྲིད་འཛིན་གཞོན་པ་སྐུ་ཞབས་ཇེ་ཌི་ཝན་སི་ (J.D. Vance) གཉིས་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
དུས་སྐབས་དཀའ་ངལ་ཅན་འདིའི་སྐབས་སུ། ཨ་རིའི་དབུ་ཁྲིད་ལམ་སྟོན་འོག་འཛམ་གླིང་གི་དཀའ་ངལ་སེལ་ཐབས་དང་། འཛམ་གླིང་བརྟན་ལྷིང་ཡོང་བའི་གཞི་རྩ་སྟེ། ཞི་བདེ་དང་། དཔལ་འབྱོར་འཕེལ་རྒྱས། ཁྲིམས་ཀྱི་དབང་བསྒྱུར་སྲུང་སྐྱོབ་བྱེད་པར་གལ་ཆེའི་ནུས་པ་མུ་མཐུད་འདོན་ཐུབ་ངེས་རེད།
ལོ་ངོ་བཅུ་ཕྲག་མང་པོའི་རིང་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་དང་། སྲིད་གཞུང་རིམ་པས་བོད་དོན་ཐོག་སྲིད་བྱུས་བརྟན་བཟུང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པས། ང་ཚོས་ཨ་རི་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་དང་། ཨ་རིའི་སྲིད་འཛིན་གསར་པའི་དབུ་ཁྲིད་འོག་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་ཐུགས་རེ་ཡོད་ཅེས་གསུངས་འདུག
དེ་བཞིན། སྲིད་སྐྱོང་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ནན་སི་པི་ལོ་སི་ལ་འཚམས་འདྲི་ཞུས་པའི་ནང་། ཁོང་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་བསྐྱར་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་གྲོས་ཚོགས་སུ་མུ་མཐུད་བཞུགས་པ་འདིས་སྐུ་ཉིད་ཀྱི་མི་མང་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རྒྱབ་སྐྱོར་བ་ཚོའི་རེ་བའི་སྒྲོན་མེ་ཞིག་ཆགས་ཡོད།
དུས་སྐབས་ཁྱད་པར་ཅན་འདིར་སྐུ་ཉིད་ནས་༸གོང་ས་མཆོག་དང་མཛའ་བརྩེའི་འབྲེལ་བ་དམ་ཟབ་གནང་བ་དང་། བོད་དོན་ཐོག་རྒྱུན་རིང་རྒྱབ་སྐྱོར་གནང་བར་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། སྐུ་ཉིད་ནས་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ཁག་ལ་རྒྱབ་སྐྱོར་གནང་བ་སོགས་ཀྱིས་ང་ཚོར་བཀའ་དྲིན་ཆེན་པོ་བསྐྱངས་ཡོད།
སྐུ་ཉིད་ཀྱི་ལོ་རྒྱུས་ལྡན་པའི་ཆབ་སྲིད་ཀྱི་མདུན་ལམ་ཁྲོད། བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་གཉའ་གནོན་འོག་གནས་པའི་མི་མང་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་ལ་རྒྱུན་མཐུད་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། སྐུ་ཉིད་ཀྱི་གཞི་རྩའི་དབུ་ཁྲིད་ལམ་སྟོན་དེས་འཛམ་གླིང་ས་ཕྱོགས་གང་སར་དྲང་བདེན་དང་བྱམས་བརྩེའི་ཆེད་དུ་ལངས་ཕྱོགས་བརྟན་པོ་འཛིན་མཁན་ས་ཡ་མང་པོར་སེམས་ཤུགས་སྤར་གྱི་ཡོད།
དུས་སྐབས་དཀའ་ངལ་ཅན་འདིའི་སྐབས་སུ། སྐུ་ཉིད་ཀྱི་འབོད་སྒྲ་དང་ལམ་སྟོན་ནི་སྔར་ལས་ཀྱང་གལ་གནད་ཆེ་བ་ཆགས་ཡོད། ང་ཚོས་སྐུ་ཉིད་ཀྱི་རྒྱབ་སྐྱོར་ལ་བཀའ་དྲིན་ཆེན་པོར་འཛིན་གྱི་ཡོད་ལ། མ་འོངས་པར་ཡང་བོད་དང་གཉའ་གནོན་འོག་གནས་པའི་མི་མང་ཡོངས་ཀྱི་དྲང་བདེན་གྱི་འཐབ་རྩོད་ཆེད་སྐུ་ཉིད་ཀྱི་དབུ་ཁྲིད་མུ་མཐུད་གནང་བའི་རེ་བ་ཞུ་བཞིན་ཡོད་གསུངས་འདུག
གཞན་ཡང་སྲིད་སྐྱོང་གིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེག་གོ་ཝན་ལ་འཚམས་འདྲི་ཞུས་པའི་ནང་། ཁོང་གིས་བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་ཡོངས་ཀྱི་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཨ་རིའི་གྲོས་ཚོགས་འཐུས་མིར་བསྐྱར་དུ་བདམས་ཐོན་བྱུང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་གྲོས་ཚོགས་སུ་མུ་མཐུད་བཞུགས་པ་འདིས་སྐུ་ཉིད་ཀྱི་འོས་འཕེན་པ་ཙམ་མ་ཡིན་པར། འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རྒྱབ་སྐྱོར་བ་རྣམས་ལའང་རེ་བའི་འོད་སྣང་ཞིག་ཆགས་ཡོད།
སྐུ་ཉིད་ཀྱི་བཟང་སྤྱོད་ལྡན་པའི་དབུ་ཁྲིད་ལམ་སྟོན་དང་། འཛམ་གླིང་གི་དཀའ་ངལ་ལ་གདོང་ལེན་གནང་སྟངས་དེས། འོས་འདེམས་བྱས་པའི་དཔོན་རིགས་ཚོས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དོན་སྙིང་ལྡན་པའི་འགྱུར་བ་ཇི་ལྟར་བཟོ་ཐུབ་མིན་གྱི་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། བོད་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་འགན་འཁུར་འཇུག་རྒྱུར། སྐུ་ཉིད་ཀྱིས་རྒྱུན་མཐུད་ནས་འབད་བརྩོན་གནང་བ་དང་། བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་ཆེད་ནུས་པ་ཆེ་བའི་རྒྱབ་སྐྱོར་གནང་བ་དེས་བོད་མི་མང་གི་མངོན་འདོད་དང་འབོད་སྒྲ་ཤུགས་ཆེ་རུ་བཏང་ཡོད།
ང་ཚོས་མདུན་དུ་ཡོད་པའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་སྐབས། སྐུ་ཉིད་ཀྱི་གཡོ་བ་མེད་པའི་རྒྱབ་སྐྱོར་དང་ལམ་སྟོན་གནང་བ་དེ་ང་ཚོའི་འཐབ་རྩོད་ལ་རིན་ཐང་བྲལ་བ་ཞིག་ཆགས་ཡོད། བོད་མི་མང་ལ་གྲོས་ཚོགས་ནང་སྐུ་ཉིད་ལྟ་བུའི་ལྷག་བསམ་རྣམ་དག་གི་གྲོགས་པོ་དང་རྒྱབ་སྐྱོར་བ་ཞིག་ཡོད་པ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་ཞིང་། ང་ཚོས་བོད་དང་འཛམ་གླིང་ཡོངས་ཀྱི་དཀའ་སྡུག་མྱོང་བཞིན་པའི་མི་མང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆེ་མཐོང་། རང་དབང་བཅས་ཀྱི་ཆེད་དུ་མཉམ་རུབ་ཀྱིས་ལས་དོན་མུ་མཐུད་སྤེལ་རྒྱུར་རེ་སྒུག་ཞུ་བཞིན་ཡོད་ཅེས་གསུངས་བཅས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་བཀོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།