སྲིད་སྐྱོང་གིས་ཨུ་ཏར་ཁན་ཌ་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་ཡོང་བའི་རེ་སྐུལ་ཞུས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་དེ་བཞིན་ཨུ་ཏར་ཁན་ཌ་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་དང་བསྟུན། རྒྱ་གར་གྱི་མཐོ་རིམ་ལས་བྱེད་དང་ཐུག་འཕྲད་ཀྱིས་ཕྱི་ལོ་༢༠༡༤ ལོར་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེ་མངའ་སྡེ་དེའི་ནང་ལག་བསྟར་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག
ཟླ་༡༢ པའི་ཚེས་༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། ལྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གི་ས་གནས་འགོ་འཛིན་ཚུལ་ཁྲིམས་རྡོ་རྗེ་བཅས་ཀྱིས། ཨུ་ཏར་ཁན་ཌ་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ལས་འཕར་སྐུ་ཞབས་ཨ་ནྣཏ་ཝར་ངྷན་(Shri Anand Vardhan) དང་ཐུག་འཕྲད་ཀྱིས་ཨུ་ཏར་ཁན་ཌ་མངའ་སྡེ་གཞུང་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། རྒྱ་གར་དབུས་གཞུང་གིས་ཕྱི་ལོ་༢༠༡༤ བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་(Tibetan Rehabilitation Policy 2014) ཞེས་པ་གཏན་འབེབས་གནང་ཡོད་པ་དེ་བཞིན་རྒྱ་གར་གྱི་མངའ་སྡེ་མང་པོས་ལག་བསྟར་གནང་གི་ཡོད་པ་ལྟར་ཨུ་ཏར་ཁན་ཌ་མངའ་སྡེ་གཞུང་གིས་ཀྱང་གང་མགྱོགས་ལག་བསྟར་ཆ་ཚང་གནང་རོགས་ཞེས་རེ་སྐུལ་ཞུས་གནང་ཡོད་པའི་ཐོག མངའ་སྡེའི་ནང་གནས་སྡོད་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་ཅིག་སྐོར་གླེང་སློང་གནང་ཡོད་པ་རེད།
སྐབས་དེར་སྤྱི་ཁྱབ་དྲུང་ཆེ་ལས་འཕར་གྱིས་རིང་མིན་བོད་པའི་ས་གནས་འགོ་འཛིན་དང་ལྷན་དུ་ཚོགས་འདུ་བསྐོང་སྟེ་ཐག་ཆོད་བྱ་རྒྱུ་ཡིན་པ་ལན་འདེབས་གནང་ཡོད་འདུག
ཐེངས་འདིར་སྲིད་སྐྱོང་ལྡེ་ར་ལྡུན་ཁུལ་དུ་ཕྱོགས་ཕེབས་ཀྱི་མཛད་རིམ་ནང་ཨུ་ཏར་ཁན་ཌ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་བྱེད་རྒྱུའི་དུས་ཚད་བཟོས་ཡོད་ཀྱང་། རྒྱ་གར་གྱི་སྲིད་བློན་མོ་དྷི་ས་གནས་དེར་ཕེབས་པའི་སྐབས་དང་འཁེལ་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཐུགས་འཕྲད་བྱེད་ཐུབ་མེད་པ་རེད།
དེ་བཞིན་ཚེས་༣ ཉིན་གྱི་དགོང་དྲོར་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་སུཀ་བྷིར་སིངྒ་སནྡུ་ (Shri Sukbhir Singh Sandhu) དང་ཐུག་འཕྲད་ཀྱིས། མངའ་སྡེ་གཞུང་གིས་མངའ་སྡེ་ནང་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག
སྲིད་སྐྱོང་གིས་ལྡེ་ར་ལྡུན་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་དང་སློབ་གྲྭ་སོགས་སུ་འཚམས་གཟིགས་གནང་ཏེ་གསུང་བཤད་གནང་བཞིན་ཡོད་པ་དང་། དེ་ཡང་ཚེས་༡ ཉིན་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་ལ་གསུང་བཤད་གནང་སྐབས། “སེམས་ཅན་ཁམས་དང་མོས་པ་སྣ་ཚོགས་ཡོད་སྟབས། ང་ཚོ་ནང་ཁུལ་ལ་བསམ་ཚུལ་ཕྲན་བུ་མ་མཐུན་པའི་གནས་ཚུལ་བྱུང་བ་ཡིན་ནའང་བོད་མི་གཅིག་པ་ཡིན་པར་བརྟེན་ངེས་པར་དུ་བཟོད་བསྲན་གནང་དགོས། བོད་མིར་མཚོན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ལོ་རྒྱུས་ཐོག་ནས་བཙན་པོའི་རྒྱལ་རབས་སྐབས་དུས་རབས་བདུན་པ་ནས་དགུ་པ་བར་རྒྱ་ནག་ཐང་རྒྱལ་རབས་སྐབས་ཀྱི་རྒྱལ་ས་ཤི་ཡང་ (Xiang) ནས་ཨུ་ཛི་བྷེ་ཀི་སི་ཐན་གྱི་སཱ་མཱར་ཀནྟ་བར་དབང་བསྒྱུར་བྱས་པའི་བྱུང་རབས་ནང་གནས་ཚུལ་ཡོད་པ་རེད། དེ་ནས་བོད་སིལ་བུར་འཐོར་པ་རེད། དེ་རྗེས་ས་སྐྱ་དང་ཕག་མོ་གྲུ་པ། རིན་སྤུངས། སྡེ་པ་གཙང་པ། ༸རྒྱལ་དབང་དབང་སྐུ་ཕྲེང་ལྔ་པ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་གཞུང་བཟུང་བའི་གནས་སྟངས་དེ་ཚོ་ཡག་པོ་བལྟས་པ་ཡིན་ན། ང་ཚོ་ནང་ཁུལ་ལ་གནས་སྟངས་ག་འདྲ་ཆགས་འདུག་དེ་དག་ཕྲན་བུ་ཤེས་ཀྱི་རེད། ང་ཚོ་ནང་ཁུལ་ལ་གནས་སྟངས་ཆགས་ཡོད་ནའང་བོད་མི་རིགས་ཟེར་རྒྱུ་དེ་གཅིག་ལ་གནས་ཡོད་པ་མ་གཏོགས་དུམ་བུར་འགྲོ་མེད། བཀའ་ཤག་སྐབས་༡༦ སླེབ་པ་དང་ལས་ཀ་དང་པོ་དེ་ནད་ཡམས་ཐོག་བྱས་པ་རེད། སྐབས་དེར་དགོན་སྡེ་ཁག་ནས་བོད་མི་རྣམས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་གནང་ཡོད། དཀའ་ངལ་ཧ་ཅང་འཕྲད་པའི་སྐབས་བོད་པའི་བླ་སྤྲུལ་རྣམ་པ་དང་དགོན་སྡེ་ཁག གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག སྒེར། ཕྱིའི་རོགས་ཚོགས་ཁག་སོགས་དང་། དེའི་སྟེང་བོད་མིའི་སྒྲིག་འཛུགས་ནས་རོགས་བྱེད་ཡོང་དུས་ནད་ཡམས་ལ་ཁ་གཏད་སླད་སྤྱི་ཚོགས་གཞན་དང་མི་འདྲ་བར་གྲུང་ཐག་ཆོད་ལྟ་བུ་བྱུང་ཡོད། ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་དང་ཚད་མཉམ་པའི་མང་ཚོགས་ཀྱི་བདེ་སྡུག་བལྟ་ཐུབ་ཡོད་པ་འདི་བོད་མིའི་སྒྲིག་འཛུགས་གཅིག་པུས་བྱས་ནས་ཡོང་ཐུབ་ཐབས་མེད་པ་ཧ་ཅང་གསལ་པོ་རེད། ཚང་མས་མཉམ་རུས་བྱས་པ་ལ་བརྟེན་ནས་ཡོང་བ་རེད་”ཅེས་གསུངས་འདུག
སྲིད་སྐྱོང་གིས་མུ་མཐུད་བོད་དོན་ལས་འགུལ་དང་འབྲེལ་ནས་གསུང་དོན། “རང་བཙན་དང་དབུ་མ་ལྟ་བུ་ཡིན་ནའང་ང་ཚོ་ནང་ཁུལ་འགལ་ཟླ་དགོས་རྒྱུ་གང་ཡང་མེད། ང་ཚོ་ནང་ཁུལ་རྩོད་དགོས་དོན་གང་ཡང་མེད། ང་ཚོའི་ཁ་གཏད་རྒྱ་ནག་ཡིན་པར་བརྟེན་ང་ཚོའི་ཁ་གཏད་དེ་ངོས་འཛིན་པའི་ཐོག་ནས་རྒྱ་ནག་ལ་གང་བཤད་དགོས་ཀྱི་ཡོད་ནའང་བཤད་དགོས་ཀྱི་རེད་མ་གཏོགས། ང་ཚོ་ནང་ཁུལ་ལ་བཤད་ནས་ཕན་ཐོགས་རྒྱུ་གང་ཡང་མེད། ད་བར་འགྱུར་བ་ཐེབས་དགོས་ཀྱི་ཡོད་ན་ཐེབས་དགོས་ངེས་ལྟ་བུ་རེད། ཉེ་ཆར་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ (Voluntary Tibetan Advocacy Groups V-TAG) ཞེས་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་རིགས་སུ་འདྲ་ཞིག་ཡུལ་ལུང་གང་དུ་གནས་ཡོད་ནའང་བོད་ཀྱི་རྩ་དོན་ཐོག་ལས་ཀ་བྱེད་རྒྱུའི་གོ་སྐབས་གསར་པ་ཞིག་བསྐྲུན་ཡོད། ལོ་ཚད་སོགས་ཀྱི་ཁྱད་པར་གང་ཡང་མེད། གཙོ་བོ་བོད་རིགས་གཞོན་སྐྱེས་ཚོ་འགན་འཁུར་རོགས་བྱེད་ན་སྙམ་ནས་ལས་འགུལ་ཞིག་སྤེལ་ཡོད་”ཅེས་གསུངས་གནང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།