སྲིད་སྐྱོང་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་གནད་ཡོད་མི་སྣ་མཇལ་འཕྲད།
ཟླ་འདིའི་ཚེས་༢༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནཱན་སི་ཕོ་ལོ་སི་དང་། བཙན་བྱོལ་བོད་མིའི་སྒྲུག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གཉིས་ཨ་རིའི་གྲོས་ཚོགས་ཚོགས་ཁང་ནང་མཇལ་འཕྲད་གནང་བ་དང་། སྲིད་སྐྱོང་གིས་༧གོང་ས་མཆོག་གིས་ལྕམ་ནཱན་སི་ཕོ་ལོ་སི་ལ་བཀའ་ཡིག་བསྩལ་བ་ཕུལ་ཡོད་པ་རེད།
སྐབས་དེར་ཁོང་གཉིས་ཀྱིས་ཆུ་ཚོད་གཅིག་ཙམ་རིང་བོད་དོན་ཆེད་དམིགས་བསལ་ཚོགས་འདུ་འཚོགས་ནས་བོད་ནང་ཛ་དྲག་གནས་སྟངས་ནས་སྐྱོབ་ཐབས་དང་། མ་འོངས་ལས་དོན་བྱེད་ཕྱོགས། མཉམ་ལས་བྱེད་ཕྱོགས་བཅས་ཀྱི་ཐོག་གོ་བསྡུར་གནང་ཡོད་རེད།
དེ་བཞིན་ཉིན་དེར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མེཀ་ཁོལ་(Michael McCaul) དང་སྲིད་སྐྱོང་མཇལ་འཕྲད་གནང་རྗེས། གྲོས་ཚོགས་འཐུས་མི་མེཀ་ཁོལ་གྱིས་གསར་འགོད་པར། ༧གོང་ས་ཏཱ་ལའི་བླ་མ་བཀའ་ཡིག་བསྩལ་བ་དང་། སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་མཇལ་འཕྲད་བརྩི་མཐོང་ལྡན་པ་ཞིག་བྱུང་། ང་ཚོས་ཨ་རིའི་གྲོས་ཚོགས་མཉམ་འབྲེལ་གྱི་ཚོགས་འདུ་ཞིག་གི་ཐོག་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དྲ་ལམ་བརྒྱུད་ནས་བཀའ་སློབ་བསྩལ་གནང་ཡོང་བ་རེ་འདུན་ཞུས་པ་ཡིན། ཨ་མི་རི་ཀའི་མི་མང་གི་ངོས་ནས་བོད་མི་མང་དང་། དུས་རབས་འདིའི་དབུ་ཁྲིད་ཆེ་ཤོས་སུ་གྱུར་བ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱབ་སྐྱོར་ཞུ་གི་ཡོད། ང་ཚོས་བོད་མི་དང་༧གོང་ས་མཆོག་དང་མཉམ་དུ་ལས་དོན་བྱས་ནས་ཨ་རིའི་གྲོས་ཚོགས་ནང་དུ་ཁྲིམས་ཡིག་གཏན་འབེབས་ཡོང་རྒྱུའི་ཐོག་ལ་ཤུགས་རྒྱག་རྒྱུ་ཡིན། འདིས་རྩ་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་མདུན་སྐྱོད་བྱེད་པར་ཕན་གྱི་རེད་ཅེས་གསུངས་འདུག
དེ་ནས་སྲིད་སྐྱོང་གིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཨ་རིའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མཐོ་རིམ་དཔོན་རིགས་དང་ལས་བྱེད་ལས་གྲུབ་པའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་པ་མཇལ་ནས་བོད་དོན་ཞུ་གཏུགས་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།