སྲིད་སྐྱོང་དམ་འབུལ་མ་གནང་གོང་ཁང་པ་གཙང་ཉོ་གནང་བ་དེ་གཟི་བརྗིད་རེད།

མཁས་དབང་བློ་བཟང་སེང་གེ་ལཊ་ཀྱིས་སྲིད་སྐྱོང་དམ་འབུལ་མ་གནང་གོང་ཁང་པ་གཙང་ཉོ་གནང་བ་དེ་བོད་མིའི་གཟི་བརྗིད་རེད།
དེང་སང་མི་ཁ་ཤས་ཀྱི་ཁོག་པའི་ནང་ལ་གདོན་ཞུགས་ནས་སྨྱོ་ཧམ་ཆེན་པོས་བོད་རིགས་ནང་ཁུལ་ལ་ཚིག་མཚོན་འདེབས་པ་དང་། རྒྱ་ནག་ལས་ཀྱང་གདུག་རྩུབ་ཆེ་བའི་ཚིག་གི་འཐབ་རྒོལ་གྱི་ཐབས་ལམ་སྤྱད་ནས་དོན་མེད་རང་རེའི་བོད་ཀྱི་སྲིད་སྐྱོང་ལ་ངོ་རྒོལ་གྱི་ལས་གཞི་བརྩམས་ནས་ཐོག་མ་ཉིད་ནས་བརྟན་བརླིང་ཅི་ཡང་མེད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སམ་སྒྲིག་འཛུགས་ཆུང་ཆུང་འདི་ཕུ་དཀྲོག་མདའ་དཀྲོག་བྱེད་པའི་དུས་ངན་གྱི་ཡོ་ལངས་རྒྱས་བཞིན་པ་རེད།

ཨ་རིའི་གསར་འགྱུར་ཚད་ལྡན་དང་སྐད་གྲགས་ཆེ་བའི་མི་གཞུང་བརྒྱ།
ཨ་རིའི་གསར་འགྱུར་ཚད་ལྡན་དང་སྐད་གྲགས་ཆེ་བའི་མི་གཞུང་བརྒྱ།
བོད་མི་འགའ་ཞིག་ནས་ཤེས་མདོག་གིས་The Washington Times ཞེས་པའི་གསར་ཤོག་དེ་འཛམ་གླིང་ནང་གི་ཚགས་པར་རྩེ་གྲས་ཤིག་ཡིན་པ་དང་། ཡིད་རྟོན་དང་ཆ་འཇོག་ཅི་ནས་ཀྱང་རུང་བ་ཞིག་རེད་ཅེས་ཧམ་བཤད་ཚད་མེད་བྱེད་བཞིན་པ་རེད། གསར་ཤོག་འདི་༡༩༨༢ ལོར་ཡེ་ཤུའི་ཆོས་ཚོགས་ཕྱུག་པོ་ཞིག་གིས་གསར་གཏོད་བྱས་པ་དང་། ཚོགས་པ་དེ་རང་གིས་དུས་ཡུན་རིང་པོར་གཙོ་བདག་ཀྱང་བྱས། ད་ལྟའི་ཆར་ཨ་རིའི་རྒྱལ་ས་དང་ལྷོ་ཀོ་རི་ཡ་སོགས་སུ་ཡོད་པའི་ཉིན་རེའི་གསར་ཤོག་ཅིག་རེད། ཚགས་པར་དེའི་བྱེད་ལས་སམ་དགོས་དམིགས་གཙོ་བོ་དེ་ཡེ་ཤུའི་ཆོས་དེ་འཛམ་གླིང་ནང་ཉི་འོད་བཞིན་ཁྱབ་སྤེལ་གཏོང་ཐབས་དེ་རེད།

གསར་ཤོག་The Washington Times ཞེས་པ་འཛམ་གླིང་ནང་སྐད་གྲགས་ཡོད་པ་ཕར་ཞོག ཨ་རིའི་ནང་གི་གསར་ཤོག་ཡག་ཤོས་བརྒྱ་ཡི་མིང་གཞུང་ནང་དུ་ཡང་སླེབས་ཐུབ་ཀྱི་མེད། མདོར་ན་གསར་ཤོག་འདི་ལྟ་གྲུབ་ཀྱི་ཆ་ནས་རྒྱ་ནག་གི་ཤིན་ཧྭ་གསར་ཤོག་སོགས་ལས་ཀྱང་ལྡབ་འགའ་སྡུག་བ་དང་ཞན་པོ་ཡོད་པའི་ཚད་དུ་བསྒྲགས། ཡིད་མ་ཆེས་ན་ཞིབ་འཇུག་བྱོས། གལ་སྲིད་ཚགས་ཤོག་ནང་དུ་བཀོད་པའི་གསར་འགྱུར་དང་རྩོམ་ཡིག་བཀོད་ཚད་ལ་ཡིད་རྟོན་དང་། ཡང་ན་མཚན་མར་འཛིན་འོས་པ་ཞིག་ཡིན་ན། རྒྱལ་སྤྱི་ལྟར་ན། The Washington Times ལས་ཚད་གཞི་ཧ་ཅང་མཐོ་སར་སླེབས་པའི་རྒྱ་ནག་གི་ཚགས་ཤོག་ཁག་ཏུ་སྤེལ་དང་སྤེལ་བཞིན་པའི་འཁྱོག་བཤད་ཀྱི་རྩོམ་དང་གསར་འགྱུར་ཁག དཔེར་ན་བོད་རྗེས་ལུས་དང་། མུན་ནག བྲན་གཡོག་ལམ་ལུགས་ཡིན་པ་དང་། དེ་བཞིན་༧སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལུས་ལྤགས་གྱོན་པའི་སྤྱང་ཀི འཇིགས་སྐུལ་རིང་ལུགས་པ། ཁ་བྲལ་རིང་ལུགས་པ། མི་གསོད་མཁན་གྱི་དགེ་སློང་སོགས་སྙོན་འཛུགས་མང་དག་ཅིག་བྱས་དང་བྱེད་བཞིན་པ་ཁག་ལ་ཡང་བསམ་བློ་ཞིག་གཏོང་དགོས་པ་ཆགས་མི་འདུག་གམ། གལ་སྲིད་ཨ་རིའི་ཚགས་པར་དེར་མི་ཕྱེད་པའི་དད་པ་ཡོད་ན། དེ་ལོས་འགྲིག འོན་ཀྱང་དེ་ལ་དགག་ལན་ནམ་གསལ་བཤད་ཀྱི་ཚུལ་དུ་བཀོད་པའི་ཨ་རིའི་བོད་ཁང་གི་ཡི་གེ་དེ་ཡང་སྣང་མེད་དུ་མ་འཇོག་རོགས།

ཡང་དེ་དང་མཉམ་དུ། མགོ་རུལ་སྣ་བས་མི་ཚོར་བའི་མི་དེ་ཚོས་ད་དུང་ངོ་མ་ཧང་སང་མདོག་དང་རྒྱུས་མངའ་ཆེ་མདོག་གིས་ Maura Moynihan ཞེས་པའི་ཨ་རིའི་བུད་མེད་དེ་འཛམ་གླིང་ནང་གི་རྩོམ་པ་པོ་གྲགས་ཅན་ཞིག་དང་། བོད་ལ་སེམས་ཤུགས་ཡོད་རབས་དང་། ཡིད་ཆེས་བྱེད་འོས་རབས་སོགས་ཀྱི་དཀྲོག་གཏམ་གྱི་རུལ་དྲི་ཞིག་གང་སར་ཁྱབ་སྤེལ་གཏོང་བཞིན་པ་རེད། དོན་དངོས་ཐོག་ནས་བཤད་ན། མོ་ནི་འཛམ་གླིང་ནང་དུ་སྐད་གྲགས་ཡོད་པའི་རྩོམ་པ་པོ་ཞིག་གཏན་ནས་མ་རེད། མོས་རྩོམ་ཐར་ཐོར་རེ་དང་། དེབ་ཁོབ་ཏོ་རེ་གཉིས་བྲིས་ཡོད་པ། མོའི་ཨ་ཕ་འདས་པོ་བོད་ལ་སེམས་དཀར་བ། དེ་བཞིན་མོས་བོད་དོན་དང་འབྲེལ་བའི་ལས་ཀ་ཉུང་ཟད་རེ་བྱས་པ་བདེན་མོད། འོན་ཀྱང་དེ་ཙམ་ཞིག་གིས་མོ་ཡི་མི་གཤིས་ཡག་པོ་ཞིག་དང་བོད་ལ་ཤ་ཚ་མཁན་ཞིག་ཡིན་པ་བསྒྲུབ་དཀའ། མོ་ནི་མིང་གྲགས་ལ་དགའ་བ་དང་། གཞན་ལ་མཐོང་ཆུང་བྱེད་པར་ཧ་ཅང་དགའ་མཁན་གྱི་མི་ཞིག་ཡིན་པ་མོའི་རྩོམ་ཡིག་རྣམས་ཞིབ་ཏུ་བཀླགས་ཚེ་ལམ་སང་ཤེས་རྟོགས་ཐུབ་ངེས་རེད།

གོང་བརྗོད་ཀྱི་རྩོམ་པ་པོས་གོང་བརྗོད་ཀྱི་ཚགས་ཤོག་ཐོག་བཏོན་པའི་སྐད་ཆ་དེ་གསར་པ་གང་ཡང་མ་རེད། འོན་ཀྱང་མོ་ཡིས་མོ་རང་ལ་དོ་སྣང་གསར་པ་ཞིག་སླེབས་ཆེད་དང་། ཤི་ཟིན་པའི་མོ་ཡི་མིང་རྙིང་པ་དེ་སྐྱར་གསོ་བྱེད་པའི་ཆེད་དུ་སྐྱར་དུ་སྲིད་སྐྱོང་མཆོག་ལ་སྙོན་འཛུགས་ཀྱི་སྐད་ཆ་རྙིང་པ་དེ་རོ་ལང་རྒྱབ་ཏུ་བཅུག་པ་རེད། ང་ཚོ་གཞི་མེད་པའི་སྐད་ཆ་འདི་འདྲར་མགོ་འཐོམ་དགོས་དོན་གཏན་ནས་མེད། བོད་ལ་སེམས་ཤུགས་ཡོད་ཟེར་མཁན་གྱིས་ཕྱི་རྒྱལ་བ་མང་པོ་ཞིག་གིས། ཤུགས་ལྡན་དད་པ་རང་མོས་དང་དེ་ལ་དད་པའི་བོད་མི་ཉམ་ཆུང་རྣམས་ཁ་ལ་གཡར་ནས་བཙན་བྱོལ་སྒྲིག་འཛུགས་དྲང་བདེན་མིན་པ། རུལ་སུངས་ཡིན་པ། འདྲ་མཉམ་མ་ཡིན་པ་དང་། ༧རྒྱལ་བ་རིན་པོ་ཆེ་རྫུན་མ་ཡིན་པ། ཆོས་དད་རང་དབང་འཕྲོག་ཚུལ། སྐྱག་རྫུན་གསུང་གི་ཡོད་པ་སོགས། བརྗོད་གཞི་དང་སྒྲུབ་བྱེད་མི་འདྲ་བའི་ཐོག་ནས་རྩོམ་རབ་དང་རིམ་པ་སྤེལ་བཞིན་ཡོད་པ་དང་། མདོར་ན། ང་ཚོ་རྒྱལ་སྤྱི་དང་རྒྱ་གར་སོགས་ཀྱི་ཁྲིམས་རྭའི་ནང་དུ་ཡང་བསྐྱལ་ཚར་བ་རེད། དོལ་རྒྱལ་དང་འབྲེལ་བའི་དཀའ་རྙོག་དང་སུན་གཙེར་བཟོ་མཁན་དེ་ཚོ་ཡང་ Maura Moynihan དང་འདྲ་བར། ཁོ་ཚོའི་སྒེར་གྱི་ཁེ་ཕན་ཆེད་བོད་ཀྱི་མིང་བེད་སྤྱོད་གཏོང་བཞིན་ཡོད། ཁོ་ཚོས་བོད་པའི་སྤྱི་ཚོགས་འདྲ་མཉམ་མིན་པ་དང་། རུལ་སུངས་ཡིན་པ་བཤད། དཔང་རྟགས་སུ་དཔར་རིས་དང་བརྙན་ཐུང་སྣ་ཚོགས་བཟོ་སྒྲིག་བྱེད་ནས་མཐར་ང་ཚོ་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དང་། ཆོས་ཀྱི་དབུ་ཁྲིད་ཚོའི་མཚན་སྙན་གྲགས་ལ་གནོད་པ་དང་། བོད་པའི་ཆིག་སྒྲིལ་གྱི་ནུས་པ་ཉམས་དམས་སུ་གཏོང་བའི་དམིགས་ཡུལ་དེ་རེད། དེ་ཚོའི་རིགས་ང་ཚོར་ཤ་ཚ་མིན་ང་ཚོས་རིག་པས་དཔྱད་དགོས།

11880584_84876གོང་དུ་གསལ་བཤད་བགྱིས་པའི་གནས་ལུགས་རྣམས་མགོ་མ་འཚོས་པའི་ཐོག་ནས་ཚགས་ཤོག་དང་རྩོམ་པ་པོ་དེ་གཉིས་ཀྱི་གནས་དོན་དང་འབྲེལ་བའི་ཁུངས་མེད་པའི་རྩོམ་ཡིག་འདི་ཡི་རིགས་འཛེམ་ཟོན་སྤུ་ཙམ་མེད་པར་ངོ་དེབ་སོགས། དེང་དུས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤེལ་བ་ནི་ཤེས་བཞིན་དུ་སྲིད་སྐྱོང་ལ་གཏོར་རྒོལ་བྱེད་པའི་མ་རུངས་པའི་ཐབས་ཇུས་ངན་པ་ཞིག་རེད། ཞིབ་ཏུ་བསམ་ན། ལྐུགས་རྟགས་དང་ཕྱོགས་ཞེན་གྱི་དུག་ཕོག་པའི་ལས་འགུལ་དེ་ཡིས་སྲིད་སྐྱོང་སྒེར་ལ་གནོད་མི་ཐུབ་ཀྱང་སྲིད་སྐྱོང་ནི་མང་མོས་འོས་བསྡུའི་ལམ་ནས་ཕེབས་པའི་དབུ་ཁྲིད་ཅིག་ཡིན་པས་ཁོང་ལ་དགའ་མོས་ཆེ་བའི་མི་མང་པོ་ཞིག་གི་སེམས་ཁམས་དཀྲུག་པ་ཡིན་པས་ཆིག་སྒྲིལ་གྱི་ནུས་པ་འདོན་ཐུབ་པར་གནོད་པ་ཤིན་ཏུ་ཆེ། དེ་ནི་དགྲ་བོར་དགོས་པའི་རྔན་པ་གྱ་ནོམ་པ་ཞིག་ཀྱང་ཅི་བས་རེད།

དམིགས་ཡུལ་དང་བསྒྲུབ་བྱ་གཞན་འདྲ་ཡོད་ན་མ་གཏོགས། འོས་མི་བཞི་པོར་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་ན་ངེས་པར་དུ་བསམ་བློ་བཟང་ཕྱོགས་སུ་གཏོང་དགོས་པའི་དུས་ལ་སླེབས་ཚར་འདུག གལ་སྲིད་ཨ་ཚོགས་ལྟ་བུ་ཞིག་༢༠༡༦ ལོའི་སྲིད་ཁྲིར་སླེབས་པའི་དབང་དུ་བཏང་ན་ཡང་། ད་ལྟའི་མང་གཙོའི་ལམ་ལུགས་དང་མི་མཐུན་ཞིང་དད་པའི་རྗེས་འབྲང་གི་ལས་འགུལ་རྫོར་པོ་འདིས་གཞན་གྱི་སེམས་སུ་འཁོན་འཛིན་དང་ཞེ་སྡང་གི་ཚོར་བ་བསྐྲུན་ནས་ཕྱིས་སུ་ཁོང་ལ་ལོ་ལྔ་ཡི་རིང་སྲིད་སྐྱོང་ལས་སླ་པོ་ཞིག་གནང་བཅུག་གི་རེད་དམ། ཧ་ཅང་བཤད་ཁག་པོ་རེད། ལས་འགུལ་སྤེལ་མཁན་ཚོས་མང་གཙོའི་འགྲོ་ལུགས་དང་མ་འགལ་བའི་ཐོག་ཏན་ཏན་ཏིག་ཏིག་དང་བློ་སེམས་གཅིག་ཏུ་བསྒྲིམས་ནས་ཕན་ཚུན་ལ་གུས་ཞབས་དང་བསམ་ཤེས་ཚད་མཐོ་ཡོད་པའི་ཐོག་ནས་སོ་སོར་དགོས་པའི་རྒྱལ་ཁ་ལེན་པར་བརྩོན་དགོས། དེ་ནི་རང་དབང་རེད། ཡིན་ན་ཡང་རང་དབང་ལ་ཚད་འཛིན་ཡོད་པ་ཤེས་དགོས། བྱེད་སྟངས་མ་ཤེས་པའི་ད་ལྟའི་ལས་འགུལ་གྱི་རིགས་རྣམས་ནི་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཡིན་པ་ཙམ་མ་ཟད། ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ་ཆེན་མོའི་མང་གཙོའི་ལམ་གྱི་འགྲན་རྩོད་ཚད་ལྡན་ཡོང་བའི་འགོག་རྐྱེན་ཆེ་ཤོས་དེ་ཆགས་བཞིན་ཡོད་པ་མངོན་གསལ་དོད་པོ་རེད། མང་གཙོའི་ལམ་ལུགས་ཀྱི་ནང་ལ་སྐྱོན་བརྗོད་བྱེད་པ་དེ་ཡར་རྒྱས་ཀྱི་རྨང་གཞི་ཞིག་ཡིན་ན་ཡང་། སྐྱོན་གང་བརྗོད་པ་དེ་ཡང་’ཁྱི་རྒན་ཀུ་ཅོ་འདོན་པ་ན། རྒྱུ་མཚན་མེད་པར་གཞན་དག་རྒྱུ་’ ཞེས་པའི་ལེགས་བཤད་ལྟར་མ་སོང་བར་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་པ་ཞིག་ཀྱང་ངེས་པར་དུ་དགོས།
མ་གཞི་ང་ཚོ་ད་དུང་བཙན་བྱོལ་བའི་གནས་སྟངས་ཐབས་སྐྱོ་པོ་འདི་ཡི་འོག་ལ་ལུས་བསྡད་ཡོད་པ་དང་། ཕྱི་ནང་གི་འགལ་རྐྱེན་བར་ཆད་སྣ་མང་འཕྲད་བཞིན་ཡོད། དཔེར་ན། མི་ལོ་དྲུག་བཅུའི་ནང་གི་བཙན་བྱོལ་བོད་མིའི་ཐོན་རྫས་ཡག་ཤོས་ཀྱི་གྲས་སུ་མཁས་དབང་བློ་བཟང་སེང་གེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་། ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་སོགས་ཤེས་ཡོན་ཅན་མི་ཉུང་བ་ཞིག་ཐོན་པ་རེད། འོན་ཀྱང་ང་རང་ཚོས་དང་པོ་དེ་རྐུན་མ་བཟོ་བ་དང་། གཉིས་པ་དེ་ལག་དམར་བ་བཟོ། གསུམ་པ་དེ་གད་པའི་གྲས་སུ་བཞག དེ་ཚོ་ནི་གྲོས་མགོ་མིས་བཏོན་ནས་གྲོས་ཐག་ང་ཚོས་མིག་བཙུམ་ནས་བཅད་པ་ཤ་སྟག་རེད། མ་གཞི་རྩོད་པ་རྒྱབ་མཁན་དེ་ཚོ་ཕལ་ཆེ་བ་སུམ་རྟགས་དག་གསུམ་ལ་ཏོག་ཙམ་རེ་སྦྱངས་མྱོང་བའི་བོད་ནས་སླེབས་པའི་ཀླད་པ་ལྗང་ཁུ་ཏག་ཏག་རེད། ཁོ་ཚོ་མང་ཆེ་བས་བོད་ཡིག་ནི་ཏོག་ཙམ་རེ་ཤེས། ལས་ཀ་ནི་མེད། ཟླ་རེའི་ཁང་གླ་སྤྲད་ཐུབ་ཙམ་དང་། ཡང་ན་མི་འདང་བ། ལྷག་པར་དུ་དུས་ཚོད་མ་འཁྱོལ་བའི་སྐབས་དང་། སེམས་ཁམས་དེ་ཙམ་བདེ་པོ་མེད་པའི་མཚམས་སུ། ལུང་ཚན་དང་ཆོལ་ཁའི་འཐེན་འཁྱེར། ལྟ་བ་མཁྲེགས་འཛིན་གྱི་ནད་ཡམས་དེ་སེམས་སུ་རྒྱུན་འཁྱོང་བྱེད་པ་ཙམ་ལས་གཞན་གང་ཡང་འཇོན་རྒྱུ་མེད་པའི་དཀའ་ངལ་དེ་མི་གཞན་གྱིས་ཆེད་དུ་ཁོ་ཚོར་བཟོ་ཡོད་པ་ལྟར། ཁ་གྲགས་དུས་ནས་གཞན་ལ་འཁང་ར་དང་དམོད་མོ་ཏག་ཏག་འདེབས་པར་འཚེར་སྣང་སྐྱེས་མི་ཤེས་པའི་རིགས་དག་རེད། ད་དུང་གཞུང་ཞབས་ཀྱི་གྲས་སུ་ཡོད་པའི་སྐབས་འཚོལ་རིང་ལུགས་པ་འགའ་ཤས་ཀྱང་དེའི་ཁྲོད་དུ་ཡོད། མ་གཞི་ཁོ་ཚོས་མཁས་དབང་བློ་བཟང་སེང་གེ་ལགས་ལ་སྲིད་སྐྱོང་མ་ཆགས་པའི་གོང་རོལ་ནས་སྡང་ཟུག་ཆེན་པོ་བྱས་པ་རེད།

སོ་སོ་དགའ་མིན་ལ་མ་ལྟོས་པར། ད་ལྟ་ཡིན་ནའང་རེད། མ་འོངས་པ་ཡིན་ནའང་འདྲ། མི་སུ་ཞིག་བོད་ཀྱི་སྲིད་སྐྱོང་ཆགས་པའི་ཉིན་མོ་དེ་ནས་བཟུང་སྟེ། སྲིད་སྐྱོང་སོ་སོའི་མགོ་ཁྲིད་ཡིན་པའི་འདུ་ཤེས་བཟུང་བའི་ཐོག་ནས་གུས་ཞབས་བྱེད་དགོས་པ་དེ་བོད་ཀྱི་མི་སེར་ཚང་མར་འཁྲི་བའི་འོས་འགན་ཉག་ཅིག་རེད། སྐྱོན་བརྗོད་ཀྱང་བྱེད་དགོས་ངེས་ཡིན་པ་དང་། སྐྱོན་བརྗོད་དུས་འགན་ཡང་འཁུར་དགོས། སྐབས་རེ་ཡོན་ཏན་བརྗོད་ཨེ་ཤེས་ཀྱང་ལྟ་དགོས། གཞི་མེད་པའི་སྙོན་འཛུགས་དང་སྡིགས་ར་སོགས་ལ་ནི་མཐའ་ན་མང་གཙོའི་སྲིད་ལུགས་ནང་དུ་ཡང་ས་མིག་སྟོང་པ་མེད་པ་ཡིན།
Maura Moynihan གིས་ The Washington Times ཐོག་བཀོད་པའི་རྩོམ་ཡིག་ནང་བློ་བཟང་སེང་གེ་བོད་པ་དང་། བོད་མི་རྣམས་ནི་ལག་སྟོང་གི་སྐྱབས་བཅོལ་བ་ཡིན་པས་ཨ་སྒོར་འབུམ་གཉིས་ཡས་མས་ཀྱི་ཁང་པ་ཞིག་ཉོ་མི་ཐུབ་པ་དང་། DC ལ་ཁང་པ་ཉོས་ནས New York གི་དོན་གཅོད་དེ་ Washington DC ལ་སྤོས་མི་ཐུབ་པའི་དོགས་སློང་བྱས། དེ་ནི་རྒྱ་ནག་གི་བོད་རིགས་ལ་བཟུང་བའི་མཐོང་ཆུང་དང་དམའ་འབེབས་ཀྱི་ལྟ་ཚུལ་དང་ཧ་ཅང་འདྲ་བའི་བཤད་སྟངས་ཤིག་རེད། ཞིབ་ཏུ་སོམས་དང་། ཨ་རིའི་ནང་གི་རྒྱ་མིའི་ཟ་ཁང་ནང་ལས་ཀ་བྱེད་མཁན་གྱི་བོད་རིགས་མང་པོ་ཞིག་གིས་ཀྱང་ཨ་རིར་ཁང་པ་ཉོ་ཐུབ་ཀྱི་ཡོད་ན། ཨ་རིའི་ནང་སྐུ་ཟླ་དང་བཅས་པས་མི་ལོ་བཅུ་དྲུག་ཙམ་གྱི་རིང་ལ་ཕྱག་ལས་གནང་བའི་སྐུ་ཞབས་བློ་བཟང་སེང་གེའི་ནང་མིས་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་ཨ་རིར་ཁང་པ་དཀྱུས་མ་ཞིག་ཉོ་མི་ཐུབ་པ་རེད། ངས་བལྟས་ན་ཁང་པ་གཅིག་མ་ཚད། མ་མཐར་ཡང་གཉིས་གསུམ་ཞིག་ཉོ་ཐུབ་དགོས་པའི་གནས་སྟངས་ཤིག་རེད་བསམ།

དངོས་གནས་བྱེད་ན་མཁས་དབང་བློ་བཟང་སེང་གེ་མཆོག་གིས་སྲིད་སྐྱོང་དམ་འབུལ་མ་གནང་བའི་གོང་ལ་ཁང་པའི་གཏའ་མའམ་དངུལ་བུན་རྣམས་སྡེབ་གཅིག་ལ་སྤྲད་གནང་བ་དེས་ཁོང་ཕུགས་རྒྱང་རིང་པོའི་བསམ་བློ་ཡོད་མཁན་ཞིག་དང་། མཁྱེན་རྒྱ་ཅན། འཆར་གཞི་ཚད་ལྡན་ཡོད་མཁན་གྱི་གང་ཟག་ཁྱད་པར་ཅན་ཞིག་ཡིན་པ་གསལ་པོར་མཚོན་འདུག་པར་སྣང་། གལ་སྲིད་དེ་ལྟར་བྱུང་མེད་ན། སྐབས་འཚོལ་རིང་ལུགས་པ་ཚོས་ནམ་ཡང་ཁོང་གི་ཨ་རིའི་ཁང་རིན་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ཁོངས་ནས་ལྐོག་ཏུ་གཏོང་གིན་ཡོད་ཚུལ། ད་ལྟའི་ཨ་སྒོར་༤༠༠ ཡི་སྲིད་སྐྱོང་གསོལ་ཕོགས་ཀྱིས་ཨ་རིའི་ཁང་རིན་སྤྲད་པར་མི་འདང་ཚུལ། ཕྱིས་སུ་ཁང་དངུལ་སྡེབ་གཅིག་ལ་སྤྲད་གནང་ཚེ་དེ་སྤྱི་རྒྱུ་ཡིན་ཚུལ་དང་ལྐོག་ཟ་བྱེད་ཚུལ། གང་ལྟར་མི་དཀར་པོའི་མགོ་ལ་ཞྭ་ནག་པོ་ཞིག་མི་ཚེ་གང་པོར་གཡོག་སྲིད་པ་བཅས་ལ་དགོངས་པ་སྔོན་ནས་བཞེས་པ་རེད་སྙམ། དེར་བརྟེན་ཁོང་གིས་དེ་ལྟར་གནང་པ་དེ་ཁོང་སྐུ་སྒེར་ཙམ་ལ་ཕན་ཐོགས་བྱུང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་མཚན་སྙན་ལ་ཡང་ཧ་ཅང་ཕན་པའི་རླབས་ཆེན་གྱི་བྱ་བ་ཞིག་ཀྱང་རེད། དེར་བརྟེན། ཚང་མས་བྱེད་བབ་དེ་ལ་བསྟོད་བསྔགས་ཞུ་འོས་པ་ལས། སྙོན་འཛུགས་བྱེད་མི་ཉན་པའི་བྱ་བཞག་ཅིག་ཅི་ནས་ཀྱང་རེད་བསམ།
ད་ལྟའི་ཆར་སྲིད་སྐྱོང་བློ་སེང་ལགས་གུས་པའི་སྲིད་སྐྱོང་ཡིན་པས་ངས་ཁོང་གིས་མི་ལོ་བཞིའི་མཛད་འཕྲིན་དང་འཛིན་སྐྱོང་ལ་སེམས་པའི་གཏིང་ནས་རྗེས་སུ་ཡི་རང་ཞུ་པའི་ཐོག་ནས་ཚད་མཐོ་བའི་རྒྱབ་སྐྱོར་ཞུ་རྒྱུ་དང་། ༢༠༡༦ ལོའི་ཡོངས་གྲགས་ཀྱི་སྲིད་སྐྱོང་གི་འོས་མི་བཞི་པོ་སྟེ། བློ་བཟང་སེང་གེ་ལགས། སྤེན་པ་ཚེ་རིང་ལགས། བཀྲ་ཤིས་དབང་འདུས་ལགས། དེ་བཞིན་ཀླུ་མཁར་བྱམས་ལགས་སོགས་གང་རུང་ཞིག་སྲིད་ཁྲིར་ཕེབས་ཀྱི་རེད། ཕེབས་པའི་ཉིན་མོ་དེ་ནས་རང་ཉིད་བོད་ཀྱི་རིགས་སུ་གཏོགས་པའི་བཙན་བྱོལ་བའི་བོད་མི་ཞིག་ཡིན་པའི་ཆ་ནས་དེ་དང་མཚུངས་པར་བསམ་སྦྱོར་གཉིས་ཀའི་ཐོག་ནས་རྒྱབ་སྐྱོར་ཞུ་བའི་ཆོད་སེམས་བརྟན་པ་དང་། ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཀྱང་དེ་ལྟར་གནང་བའི་རེ་བ་ཆེ། བོད་རྒྱལ་ལོ།།
མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་༢༠༡༥ ལོའི་ཕྱི་ཟླ་༠༨ པའི་ཚེས་༡༣ ལ་བྲིས་པའོ།།