སྲིད་སྐྱོང་བློ་བཟང་སེང་གེ་དང་ངེད་གཉིས་བར་ལ་ཁྱད་པར་ཆེན་པོ་ལྔ་ཡོད།
ཟླ་འདིའི་ཚེས་༡༤ ཉིན་གྱི་དགོང་མོ་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་༢༠༡༦ ལོའི་སྲིད་སྐྱོང་འོས་མིར་ལངས་མཁན་བཀྲ་ཤིས་སྟོབས་རྒྱལ་གྱིས་ཁོང་སྲིད་སྐྱོང་ལ་ལངས་དགོས་པའི་དམིགས་ཡུལ་སྐོར་གྱི་གཏམ་བཤད་ཅིག་གནང་ཡོད་པ་རེད།
སྐབས་དེར་ཁོང་རང་ལོ་༡༦ བར་དུ་ལ་དྭགས་སུ་ལུག་རྫིར་སོང་བ་དང་། དེ་རྗེས་རྒྱ་གར་གྱི་དམག་མིའི་ནང་ཞུགས་ནས་ལོ་༡༤ བསྡད་སྐོར། དེ་རྗེས་སྤྱི་ཚོགས་ཞབས་ཞུའི་ལས་དོན་མང་པོ་བསྒྲུབས་ཡོད་སྐོར། ཚོང་ལས་བྱས་པའི་བརྒྱུད་རིམ་སོགས་ངོ་སྤྲོད་བྱས་ཡོད་པ་རེད།
དེ་བཞིན་ཁོང་གིས་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་དང་ཁོང་གཉིས་བར་ལ་ཁྱད་པར་ཆེན་པོ་ལྔ་ཡོད་སྐོར་འགྲེལ་བརྗོད་གནང་དོན། “༡ སྲིད་སྐྱོང་བློ་བཟང་སེང་གེ་ཧ་ཝར་ཌ་ནས་སློབ་ཐོན་བྱུང་བ་དང་། ང་རྗེས་ལས་ནང་ཡོད་པའི་ཁྱད་པར་རེད། ༢ ང་ལ་སྐྱེས་སྟོབས་ཀྱི་ཡོན་ཏན་ཡོད་པའི་ཚོར་སྣང་དང་། ཁོང་ལ་སྦྱང་སྟོབས་ཀྱི་ཡོན་ཏན་ཡོད་པའི་ཁྱད་པར་རེད། ༣ ངས་རྒྱལ་རབས་ཀྱི་ལོ་རྒྱུས་བཟོ་ཡི་ཡིན། ཁོང་ལ་རྒྱལ་རབས་ལོ་རྒྱུས་བཤད་རྒྱུའི་ནུས་པ་ཡོད་རེད། ༤ ཁོང་གིས་ཤེས་ཡོན་ཡར་རྒྱས་གཏོང་རྒྱུར་དགེ་རྒན་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཅེས་ཟབ་སྦྱོང་མང་པོ་སྤྲད་རེད། ངས་བོད་པའི་དགེ་རྒན་དེ་ཚོ་འཛམ་གླིང་ཐོག་གི་དགེ་རྒན་ཡག་ཤོས་རེད་བསམ་པའི་ཁྱད་པར་རེད། ༥ གཅིག་སྒྲིལ་དང་། གསར་བཏོད། རང་ཁ་རང་གསོ་ཁོང་གི་ལྟ་གྲུབ་རེད། དེ་ངས་ལག་བསྟར་ཐུབ་ཀྱི་ཡོད་པའི་ཁྱད་པར་རེད་ཅེས་གསུངས་པ་དང་། དེ་བཞིན་༧སྐྱབས་མགོན་རིན་པོ་ཆེའི་བཀའ་གསུང་ཇི་བསྒྲུབས་འོག་འགྲོ་ཐུབ་མཁན་ཞིག་དགོས་པ་རེད་ཅེས་གསུངས་སོང་།
དེ་བཞིན་ཁོང་གིས་མ་འོངས་པར་གཞིས་ཆགས་སྲ་བརྟན་དང་། དཔལ་འབྱོར་དང་ཤེས་ཡོན་ཡར་རྒྱུས་བཏང་ནས་རང་ཁ་རང་གསོ་ཡོང་ཐབས་སུ་ཕྱི་རྒྱལ་ལ་མི་མང་ལས་ཀ་བྱེད་དུ་བཏང་བ་དང་། དངུལ་བསགས་ནས་ཚུར་ཡོང་ཐུབ་པའི་ལས་འཆར་དང་། རྒྱ་མཚོའི་ཆུ་ཐིགས་ཀྱི་ལས་གཞི་ཡོད་པ་རེད། བོད་ཀྱི་ཚོང་པ་ཚོས་རྒྱ་གར་གཞུང་ལ་དཔྱ་ཁྲལ་སྤྲད་མི་དགོས་པའི་ཐོག་ནས་དངུལ་གསོག་ཐབས་སོགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
དེ་བཞིན་ཁོང་གིས་༧གོང་ས་མཆོག་གིས་བོད་མིར་མང་གཙོ་གསོལ་རེས་གནང་བ་དང་། ཚང་མར་འདྲ་མཉམ་གྱིས་འོས་མིའི་ནང་ལངས་རྒྱུར་གོ་སྐབས་བྱུང་ཡོད་སྐོར་དང་། ཆབ་སྲིད་ཐོག་སློབ་སྦྱོང་དང་། སྤྱིར་བཏང་གི་ཤེས་ཡོན་གཉིས་ལ་ཁྱད་པར་ཡོད་སྐོར་དང་། བོད་མིའི་འགོ་ཁྲིད་འདེམས་སྐབས། བོད་པ་ཡིན་པ། ལུང་པ་མེད་མཁན། ནང་པ་ཡིན་པ་ཞིག་གི་འགན་ཁུར་ནས་འོས་ཤོག་འཕེན་དགོས་སྐོར་ཡང་གསུངས་སོང་ལ། སྲིད་སྐྱོང་བློ་བཟང་སེང་གེས་ལྟ་གྲུབ་གསུམ་གསུངས་པ་ལས། ལག་བསྟར་གནང་ཐུབ་ཀྱི་མེད་སྐོར་དང་། ཁོང་གིས་དེ་ལག་བསྟར་ཐུབ་ཀྱི་ཡོད་སྐོར་ངོ་སྤྲོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།