སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་བྱུས་དེ་ནམ་ཡང་ལམ་ལྷོང་ཡོང་མི་སྲིད་ཅེས་གསུངས་འདུག

བདུན་ཕྲག་གོང་མར་ཞི་ཅིན་ཕིང་གིས“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་”དང་། “ཁ་བྲལ་བ་ལ་རྡུང་རྡེག་”གཏོང་བ་འདུས་པའི་བོད་དང་འབྲེལ་བའི་སྲིད་བྱུས་ཤིག་བཏོན་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་དེ་ནི་“དངོས་ཡོད་དང་མི་མཐུན་པ་”དང་། “ལམ་ལོག་ཏུ་འཁྲིད་བྱེད་”ཅིག་ཡིན་པའི་དགག་ལན་དང་སྐྱོན་བརྗོད་གནང་འདུག

ཕྱི་ཟླ་༨ ཚེས་༣༡ རེས་གཟའ་ཟླ་བའི་ཉིན་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་ནག་གི་སྲིད་བྱུས་ལ་དགག་ལན་གནང་སྐབས། ཁོང་གིས་“བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བའི་རྒྱ་ནག་གི་སྲིད་བྱུས་དེ་ནི། བོད་མིའི་ཆོས་དད་རང་དབང་དང་བླ་སྤྲུལ་ངོས་འཛིན་ལམ་ལུགས་ལ་དབང་སྒྱུར་བྱེད་ཐབས་ཀྱི་ལམ་ལོག་ཅིག་རེད། རྒྱ་ནག་གཞུང་གིས་ངེས་པར་དུ་འདས་པའི་ཉམས་མྱོང་ལ་བལྟས་ནས་བོད་མི་ཚོར་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་དུ་འཇུག་དགོས་”ཞེས་གསུངས་པའི་ཐོག “བོད་མིར་མཚོན་ན། དམར་ཤོག་རིང་ལུགས་ལས་བོད་བརྒྱུད་ནང་བསྟན་གལ་ཆེ་བ་ཡོད། བོད་མི་ཚོར་བཙན་དབང་གིས་བོད་བརྒྱུད་ནང་བསྟན་ལས་དམར་ཤོག་རིང་ལུགས་གལ་ཆེན་དུ་བརྩི་རུ་འཇུག་པ་ནི་རྒྱལ་སྤྱིའི་ཆོས་དད་རང་དབང་དང་འགལ་བ་མ་ཟད། ཡོངས་སུ་ལམ་ལོག་ཏུ་འཁྲིད་པ་ཞིག་ཡིན། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་དེར་ནམ་ཡང་ལམ་ལྷོང་ཡོང་མི་སྲིད། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་ས་ཡོངས་རྫོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱས་ཡོད་ཀྱང་ལམ་ལྷོང་བྱུང་མེད་པ་ལས་གནད་དོན་དེ་ར་འཕྲོད་ཐུབ་”ཅེས་བསྣན་འདུག 

ཁོང་གིས་མུ་མཐུད་རྒྱ་ནག་གི་སྲིད་བྱུས་ལ་ལམ་ལྷོང་ཡོང་མི་སྲིད་པའི་སྐོར་གསུངས་དོན། “རྒྱ་ནག་གཞུང་གིས་འཛམ་གླིང་སྟེང་གི་ནང་པའི་དགོན་པ་ཆེ་ཤོས་ཡིན་པའི་གསེར་རྟ་བླ་རུང་སྒར་དང་། ཡ་ཆེན་ཆོས་སྒར་གཉིས་གཏོར་བཤིག་བཏང་བ་དེ་ཡིད་སྐྱོ་བའི་དཔེ་མཚོན་ཞིག་ཆགས་ཡོད། ཨ་རིའི་རང་དབང་ཁང་པས་(Freedom House)་ལོ་ལྔ་བསྟུད་མར་བོད་ནི་འཛམ་གླིང་ནང་རང་དབང་གི་ཚད་དམའ་ཤོས་ཨང་གཉིས་པ་རེད་ཅེས་སྙན་ཐོ་བཏོན་ཡོད། ཡིན་ན་ཡང་། བོད་ནང་གི་བོད་མི་ཚོས་ད་དུང་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པ་ཞུས་དང་ཞུ་བཞིན་ཡོད།” 

ཞི་ཅིན་ཕིང་གིས་“བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་སྲ་བརྟན་མཁར་གྱང་”ཞིག་སྐྲུན་དགོས་ཞེས་བཤད་པའི་ལན་དུ། འབུམ་རམས་པ་བློ་བཟང་སེང་གེས་“བོད་དུ་བརྟན་ལྷིང་ཡོང་བར། རྒྱ་ནག་གིས་ངེས་པར་དུ་ཐོག་མར་བོད་མི་མང་གི་དཀའ་སྡུག་ངོ་མ་དེ་སེལ་ཐབས་དང་། བོད་མི་ ༡༥༤ ཡིས་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བ་དེ་རྗེད་མི་ཉན་”ཞེས་འགྲེལ་བརྗོད་གནང་བ་མ་ཟད། “བོད་ནང་བརྟན་ལྷིང་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི་བོད་མིའི་དད་པ་མ་ཡིན་པར། རྒྱ་ནག་གཞུང་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ཡིན། རྒྱ་ནག་གཞུང་གིས་མུ་མཐུད་སྲིད་བྱུས་མཁྲེགས་པོ་དེ་ལག་བསྟར་དང་དྲག་གནོན་བྱས་པ་ཡིན་ན། བོད་ཀྱི་གནད་དོན་སྡུག་ནས་སྡུག་ཏུ་འགྲོ་ངེས་རེད། བོད་ཀྱི་གནད་དོན་གསལ་བར་དབུ་མའི་ལམ་གྱི་སྲིད་བྱུས་ནི་དངོས་ཡོད་དང་མཐུན་པ་ཞིག་ཡིན། བོད་མི་ཚོས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད། བོད་ཀྱི་གནད་དོན་གསལ་བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཡང་ན་མགོན་པོ་གང་ཉིད་ཀྱི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱེད་དགོས་”ཞེས་བརྗོད་འདུག 

རྒྱ་ནག་གིས་བོད་མཐོ་སྒང་དུ་དམག་མི་དང་གོ་ཚོན་འབོར་ཆེན་དབོར་འཇོག་བྱེད་ཀྱིན་པའི་སེམས་འཚབ་དང་འབྲེལ་བའི་ཐད་ལ། ཁོང་གིས་དེ་སྔ་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ནི་ལག་མཐིལ་ཡིན་ཞིང་། མཛུག་གུ་ལྔ་ནི་ལ་དྭགས་དང་། འབྲས་ལྗོངས། ཨ་རུ་ནཱ་ཅལ། བལ་ཡུལ། འབྲུག་བཅས་རེད་ཅེས་བརྗོད་ཡོད་པ་ལྟར། མ་འོངས་པར་རྒྱ་ནག་གིས་ས་ཁུལ་དེ་དག་དབང་སྒྱུར་བྱ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ཧི་མ་ཅལ་དང་ཨུ་ཏྟར་ཁཎྜ་ཡང་དབང་སྒྱུར་བྱ་འཆར་ཡོད། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ རིང་ཡར་རྒྱས་དང་དེང་རབས་ཅན་ཟེར་ནས་བོད་མཐོ་སྒང་དེ་བཞིན་དམག་ས་ལྟ་བུར་བསྒྱུར་ཐབས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ནང་རྒྱ་རིགས་དང་། དམག གོ་མཚོན་སོགས་དབོར་འདྲེན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་མཐོ་སྒང་དམག་ས་ལྟ་བུར་བསྒྱུར་ཐབས་བྱེད་བཞིན་པ་དེས་བོད་མི་རྣམས་ཀྱིས་གཙོས་རྒྱ་གར་དང་ཨེ་ཤི་ཡའི་བདེ་འཇགས་བཅས་ལ་སེམས་འཚབ་བྱེད་དགོས་པ་ཆགས་ཡོད་པ། ཨེ་ཤི་ཡ་ཞི་བདེ་ཡོང་བའི་ཐབས་ལམ་གཅིག་པུ་ནི་བོད་དེ་ལོ་རྒྱུས་ཐོག་ཞི་བདེའི་ས་ཁུལ་ཡིན་པ་དེ་བསྐྱར་གསོ་བྱེད་དགོས་ཞེས་གསུངས་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།

 

  •