སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གྱིས་བོད་གལ་ཆེ་ཤོས་ཀྱི་གནད་དོན་དུ་བརྩི་དགོས་སྐོར་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གྱིས་བོད་གལ་འགངས་ཆེ་ཤོས་ཀྱི་གནད་དོན་དུ་བརྩི་དགོས་པ་དང་། བོད་ཀྱི་གལ་ཆེའི་རང་བཞིན་ཁས་ལེན་བྱས་ཏེ་གནད་དོན་དེ་གླེང་སློང་བྱེད་དགོས་སྐོར་གསུངས་འདུག
བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཨ་སམ་དང་མེ་གྷ་ལ་ཡ་མངའ་སྡེའི་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སོ་མ་ཡ་ཌིབ་དཱ་ཏཱ་ (Soumyadeep Datta)དང་། ཤི་ལོངྒ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག ཨ་སམ་ཁུལ་དུ་གསར་འགོད་ལྷན་ཚོགས་ཤིག་གནང་བའི་ཐོག སྲིད་སྐྱོང་བློ་བཟང་སེང་གེས་གལ་སྲིད་རྒྱ་གར་གྱིས་རྒྱ་ནག་ཤེས་རྟོགས་བྱེད་འདོད་ན། ཐོག་མར་བོད་ཤེས་རྟོགས་བྱེད་དགོས་ཞེས་བརྗོད་པ་མ་ཟད། རྒྱ་གར་གྱིས་བོད་གལ་གནད་ཆེ་ཤོས་ཀྱི་གནད་དོན་དུ་མ་བརྩིས་པའི་མཇུག་འབྲས་སུ་རྒྱ་དཀར་ནག་གཉིས་ཀྱི་བར་དུ་ས་མཚམས་ཀྱི་རྩོད་རྙོག་རྒྱུན་མི་ཆད་པ་འབྱུང་བཞིན་ཡོད་ཅེས་ཀྱང་གསུངས་འདུག
ཁོང་གིས་“རྒྱ་གར་དང་བོད་གཉིས་ལོ་ངོ་སྟོང་ཕྲག་རིང་དཀའ་རྙོག་མེད་པར་ས་མཚམས་མཉམ་སྤྱོད་བྱས་ཡོད། ཡིན་ན་ཡང་། [རྒྱ་ནག་གིས་བོད་ལ་]བཙན་འཛུལ་བྱས་པ་ན་བཟུང་། རྒྱ་ནག་གིས་རྒྱ་གར་ལ་ཚུར་རྒོལ་བྱས་པ་རེད། རྒྱ་གར་གིས་ས་མཚམས་སྲུང་སྐྱོབ་ཆེད་དུ་ཐེར་འབུམ་མང་པོ་གཏོང་གི་ཡོད། རྒྱ་དཀར་ནག་གི་ས་མཚམས་དེ་ཐོག་མའི་ཆ་ནས་འཕགས་བོད་ས་མཚམས་རེད་”ཅེས་གསུངས་འདུག
བོད་ཀྱི་གལ་ཆེའི་རང་བཞིན་དང་འབྲེལ་བའི་ཐད་ལ། སྲིད་སྐྱོང་བློ་བཟང་སེང་གེས་“ད་ལྟ་ཐ་ན་ཨ་རིས་ཀྱང་བོད་ཀྱི་གལ་ཆེའི་རང་བཞིན་རྟོགས་ནས་གཞུང་འབྲེལ་ཐོག་ནས་བོད་མིའི་སྒྲིག་འཛུགས་ངོས་ལེན་བྱེད་པའི་ཁྲིམས་གསར་པ་གཏན་ལ་ཕབ་ཡོད། ད་ནི་རྒྱ་གར་གྱི་ངོས་ནས་བོད་གལ་འགངས་ཆེ་ཤོས་ཀྱི་གནད་དོན་དུ་བརྩི་བའི་དུས་ལ་བབས་ཡོད། ད་ལྟའི་ཆར་ང་རང་བྱང་ཤར་གྱི་མངའ་སྡེ་ཁག་ལ་བོད་དང་འབྲེལ་བའི་གོ་རྟོགས་སྤེལ་དུ་སྐྱོད་བཞིན་ཡོད་”ཅེས་གསུངས་འདུག
དེ་མིན་ད་དུང་། ཁོང་གིས་བོད་མི་ཚོའི་ཆེད་དུ་རྒྱ་གར་ལས་ལྷག་པ་བྱེད་མཁན་གྱི་རྒྱལ་ཁབ་དང་སྲིད་གཞུང་གཅིག་ཀྱང་བྱུང་མེད་ཅེས་བརྗོད་དེ་རྒྱ་གར་གཞུང་མང་ལ་ལ་ཐུགས་རྗེ་ཆེའང་ཞུས་འདུག
བློ་བཟང་སེང་གེ་ཕྱི་ལོ་ ༢༠༡༡ ལོར་མང་གཙོའི་འོས་བསྡུ་བརྒྱུད་དེ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་དུ་གྱུར་བ་དང་། ཁོང་གི་སྐབས་གཉིས་པའི་ལས་ཡུན་འདི་ལོའི་ཕྱི་ཟླ་ ༥ པར་རྫོགས་ཀྱི་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།