སྲིད་སྐྱོང་བློ་བཟང་སེང་གེས་བོད་རྒྱའི་འབྲེལ་མོལ་“ད་ལྟའི་ཆ་ལ་ཁག་པོ་”ཆགས་ཡོད་ཅེས་གསུངས་འདུག

སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་༡༡ གི་སྔ་དྲོར། བཀའ་ཤག་གི་གསལ་བཤད་དང་ལན་འདེབས་དང་འབྲེལ་བའི་ལས་རིམ་ཐོག སྲིད་སྐྱོང་བློ་བཟང་སེང་གེས་“རྒྱ་ནག་གཞུང་གིས་ནམ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཅིག་ལ་ཐུག་རྒྱུ་མིན་པ་དེ་གསལ་པོ་ཇེ་དྲག་”ཆགས་ཡོད་པ་མ་ཟད། བོད་རྒྱའི་འབྲེལ་མོལ་“ད་ལྟའི་ཆ་ལ་ཁག་པོ་འདྲ་ཆགས་བསྡད་”ཡོད་ཅེས་གསུངས་སོང་། 

སྲིད་སྐྱོང་བློ་བཟང་སེང་གེས་སྣེ་ཁྲིད་པའི་བཀའ་ཤག་གི་འདས་པའི་ལོ་ངོ་བཅུའི་ལས་དོན་དང་སྲིད་བྱུས་དང་འབྲེལ་བའི་གསལ་བཤད་ལན་འདེབས་ཀྱི་ལས་རིམ་དེའི་ཐོག ཁོང་གིས་སློབ་དཔོན་ཟབ་གདོང་རིན་པོ་ཆེས་ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༥ ཉིན་༧རྒྱལ་དབང་སྐུ་ཕྲེང་༥ པ་ནས་༧སྐུ་ཕྲེང་༡༤ བར་དུ་བརྒྱུད་སྤྲོད་བྱས་ནས་ཡོང་བའི་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་སྲིད་སྐྱོང་ལ་གནང་བ་ཡིན་ན། ཉེན་ཁ་༡༠ ཡོང་སྲིད་གསུངས་པའི་ཉེན་ཁ་དེ་དག་ཕལ་ཆེ་བ་ལས་རྒྱལ་བའམ་གཡོལ་ཐུབ་པའི་ལས་དོན་བསྒྲུབས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཡིན་ན་ཡང་། སྲིད་སྐྱོང་བློ་བཟང་སེང་གེས་ཉེན་ཁ་བཅུའི་ཁྲོད་ཀྱི་ལྔ་པ་སྟེ། “ཆབ་སྲིད་ཀྱི་སྐུ་དབང་གནང་ཚར་བའི་རྗེས་སུ་བོད་རྒྱ་འབྲེལ་མོལ་དེ་དཀའ་ལས་ཁག་པོ་ཞེ་དྲག་ཡོང་སྲིད་”ཅེས་པ་དེ་“དངོས་གནས་རང་ངོས་ལེན་བྱེད་རྒྱུ་ཡིན་”ཞེས་གསུངས་སོང་། 

ཁོང་གིས་དེ་སྔ་ཡིན་ན་༧གོང་ས་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པའི་སྐབས་སུ་སྐུ་ཚབ་བསྐོས་ཡོང་དུས། བཀའ་བློན་ཁྲི་པ་ལ་ཐེ་བྱུས་སམ་འབྲེལ་བ་ཡོད་པའི་ཐོག་ནས་འགྲོ་བསྡད་ཀྱི་ཡོད་ན་ཡང་། སྐུ་དབང་མར་གནང་ཚར་བའི་རྗེས་སུ་བོད་མིའི་སྒྲིག་འཛུགས་དེ་ཆབ་སྲིད་ཐོག་ནས་ཁ་ཁ་རང་ཆགས་དུས། རྒྱ་ནག་གཞུང་གི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཅིག་ལ་ངོས་ལེན་དང་ངོས་འཛིན་བྱེད་རྒྱུ་དེ་མི་སྲིད་པའམ་ཧ་ཅང་ཁག་པོ་ཡོད་པའི་འགྲེལ་བརྗོད་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལ་ཐུག་པ་ཙམ་གྱིས་བོད་མིའི་སྒྲིག་འཛུགས་ངོས་ལེན་དང་ངོས་འཛིན་བྱས་པ་ཆགས་པས། “རྒྱ་ནག་གཞུང་གིས་ནམ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཅིག་ལ་ཐུག་རྒྱུ་མིན་པ་དེ་གསལ་པོ་ཞེ་དྲག་རེད་འདུག་”ཅེས་དང་། བོད་རྒྱ་འབྲེལ་མོལ་ཆེད་དམིགས་བསལ་སྐུ་ཚབ་ཅིག་བསྐོ་ཐུབ་ན་བསམ་སོང་ནས་༧གོང་ས་མཆོག་ལ་ཡར་ཞུས་པའི་སྐབས་༧གོང་ས་མཆོག་གིས་མ་བསྐོས་ན་ཞེས་གསུངས་སོང་བས་བསྐོས་མེད་སྐོར་དང་། གལ་སྲིད་སྐུ་ཚབ་བསྐོས་ན་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་ལ་འབྲེལ་བ་ཡོད་པས། རྒྱ་ནག་གཞུང་གིས་ངོས་ལེན་མེད་སྐོར་བཤད་ན་བོད་རྒྱ་འབྲེལ་མོལ་འགག་འགྲོ་ཡི་རེད། དགའ་ལྡན་ཕོ་བྲང་གི་རྒྱ་ཡིག་སྡེ་ཚན་ནས་འགན་ཁུར་གྱི་ཡོད་སྐོར་དང་དེ་ཡག་ཤོས་ཡིན་སྐོར་གསུངས་སོང་།

ཁོང་གིས་བོད་རྒྱ་འབྲེལ་མོལ་ཆེད་དེ་སྔ་༧གོང་ས་མཆོག་གི་སྐུ་ཚབ་ཕེབས་ཀྱི་ཡོད་པ་དང་། ད་ལྟའང་ཕེབས་ཐུབ་པ་ཡིན་ན་༧གོང་ས་མཆོག་གི་སྐུ་ཚབ་བྱས་ནས་ཕེབས་ཐུབ་ཀྱི་ཡོད་པ། མ་འོངས་པར་ཡང་༧གོང་ས་མཆོག་གི་སྐུ་ཚབ་བྱས་ནས་ཕེབས་ཐུབ་པ་མ་གཏོགས་“བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཡོང་རྒྱུ་ཁག་པོ་རེད་”ཅེས་གསུངས་པ་མ་ཟད། “ད་ལྟའི་ཆ་ལ་ཁག་པོ་འདྲ་ཆགས་བསྡད་འདུག རྒྱུ་མཚན་གང་ཡིན་ཟེར་ན། ཞི་ཅིན་ཕིང་གི་འགོ་ཁྲོད་འོག་ལ་ཁོ་རང་ཚོའི་སྲིད་བྱུས་རེད། དགོངས་པ་བཞེས་སྟངས་དེ་ལྟ་བ་མཁྲེགས་སུ་འགྲོ་བ་དང་། རྒྱལ་ཞེན་ཆེ་རུ་འགྲོ་བ། རྒྱ་ནག་དེ་འཛམ་གླིང་ནང་གི་ཨང་ཀི་དང་པོ་བཟོ་རྒྱུ་རེད་”ཅེས་བསྣན་སོང་། 

གཞན་ཡང་། ཁོང་གིས་ཨ་རི་དང་། རྒྱ་གར། ཉི་ཧོང་སོགས་ཀྱིས་མཚོན་པའི་རྒྱལ་ཁབ་ཚོས་རྒྱ་ནག་ལ་གདོང་ཁ་གཏད་གཅོག་པའི་སྲིད་བྱུས་འཛིན་འགོ་བརྩམས་ཡོད་པ་ལྟར། “ང་རང་ཚོ་བོད་མི་ཚོ་ཡིན་ནའང་། རྒྱ་ནག་ལ་བསྟུན་རྐྱང་བྱས་པ་ཡིན་ན་གཅིག་རག་རྒྱུ་ཡོད་རེད་བསམ་པ་ཡིན་ན། དེ་མི་འདུག དངོས་གནས་བྱས་ན། རྒྱ་ནག་གིས་གཉོམ་ཆུང་འཇམ་པོ་བྱས་ནས་སྡོད་མཁན་ལ་གསོལ་རས་གནང་གི་ཡོད་ན། ནང་སོག་ལ་རང་སྐྱོང་དང་རང་དབང་ཆེ་ཤོས་གནང་དགོས་ཀྱི་ཡོད་རེད། ཡིན་ན་ཡང་། ནང་སོག་ལ་ཆོས་ཤོས་ཆགས་བསྡད་ཡོད་རེད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་ཡ་རབས་གཉོམ་ཆུང་འཇམ་ཐིང་ངེར་བསྡད་པ་ཡིན་ན་ཡག་པོ་བྱེད་ཀྱི་མེད་པའི་སྲིད་བྱུས་ཤིག་ཡོད་པ་དེ་གསལ་པོ་ཞེ་དྲག་རེད། ཡིན་ན་ཡང་། ངས་ད་གིན་ཞུས་པ་ནང་བཞིན་མཐུན་སྒྲིལ་བྱེད་དགོས་ཀྱི་ཡོད་རེད། བཀའ་མོལ་གནང་དགོས་ཀྱི་ཡོད་རེད། དེ་དང་མཉམ་དུ་སོ་སོའི་ལངས་ཕྱོགས་གསལ་པོ་བཟོས་པའི་ཐོག་ནས་འགྲོ་དགོས་རེད་”ཅེས་གསུངས་སོང་།

ཕྱི་ལོ་༢༠༡༠ ལོའི་ཟླ་༡ པོའི་ནང་གྲོས་མོལ་མཐའ་མ་དེ་བྱུང་བ་ནས་བཟུང་། འདས་པའི་ལོ་ངོ་བཅུ་ལྷག་གི་ནང་དུ་རྒྱ་ནག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སམ་༧གོང་ས་མཆོག་གི་བར་དུ་གཞུང་འབྲེལ་གྲོས་མོལ་ཐུག་འཕྲད་བྱུང་མེད་པ་དང་། ད་ལྟ་འགྲོ་བཞིན་པའི་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་༡༠ པའི་སྐབས་བོད་མི་མིང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་རྒྱའི་གྲོས་མོལ་མ་བྱུང་བའི་འགན་ཆ་ཚང་རྒྱ་ནག་གཞུང་ལ་ཡོད་པའི་གྲོས་ཆོད་ཅིག་བཞག་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།