སྲིད་སྐྱོང་འོས་མི་གཉིས་ཀྱི་མཉམ་དུ་བགྲོ་གླེང་ཐེངས་གཉིས་པ།

ཟླ་འདིའི་ཚེས་༨ ཉིན་གྱི་ཕྱི་དྲོ་དྷ་ས་བོད་ཀྱི་ཟློས་གར་ཁང་གི་ཚོགས་ཁང་དུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གཉིས་ཀྱིས་བར་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་དང་། སྐབས་དེར་གཙོ་བོ་ཁོང་གཉིས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ལ་མི་མང་གི་དྲི་བར་ལན་འདེབས་བྱས་ཡོད་པ་རེད།

lobsang_pentseསྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་བགྲོ་གླེང་གི་ཐོག་མར་གཏམ་བཤད་གནང་དོན། “རིག་ལམ་བཞིའི་ཐོག་ལས་དོན་བྱེད་རྒྱུ་ཡིན། ༡ དམིགས་ཚད་ག་རེ་བཟུང་ནའང་དངོས་ཡོད་གནས་ཚུལ་དང་མཐུན་པ། ༢ སྲིད་ཇུས་དང་ལངས་ཕྱོགས་གསལ་པོ་དང་བརྟན་པོ། ༣ ལས་གཞི་གང་བང་བསྒྲིགས་ཀྱང་དྲང་པོ་དང་ཕྱོགས་སུ་མ་ལྷུང་པ། ༤ གྲུབ་འབྲས་ཐོན་ཆེན་དུ་དམིགས་ནས་བྱེད་རྒྱུ་ཡིན་”ཞེས་གསུངས་སོང་།

ཁོང་གིས་ཆབ་སྲིད་ཀྱི་གནས་སྟངས་སྐོར་གསུང་དོན། “རྒྱལ་སྤྱི་དང་རྒྱ་ནག བོད་ནང་གི་ཆབ་སྲིད་གནས་སྟངས་བཅས་ལ་གཞི་བཅོལ་དགོས་རེད། སོ་སོ་ཡིན་ནའང་དེའི་ཐོག་དུས་རྒྱུན་བརྟག་དཔྱད་བྱེད་ཀྱི་ཡོད་ལ། ༧གོང་ས་མཆོག་ཡིན་ནའང་དེའི་ཐོག་དངོས་ཡོད་ཀྱི་གནས་སྟངས་ལོ་ནས་ལོ་མཐུད་བརྟག་དཔྱད་གནང་ནས། ད་ལྟ་དབུ་མའི་ལམ་འདི་ཡིན་པས། དབུ་མའི་ལམ་གྱི་འོག་ནས་བོད་རྒྱ་འབྲེལ་མོལ་སླར་གསོ་བྱེད་རྒྱུ་དེ་གལ་ཆེ་ཤོས་སུ་བརྩི་ཡི་ཡོད་པ་དང་། དེ་ལ་བརྒྱུད་ལམ་མང་པོ་ཡོད་པ་རེད། ༧གོང་ས་མཆོག་གི་སྐུ་ཚབ་ཀྱི་ཐོག་ནས་ཡིན་ནའང་འདྲ། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཐོག་ནས་ཡིན་ནའང་འདྲ། རྒྱལ་སྤྱིའི་ཐོག་ནས་ཡིན་ནའང་འདྲ། རྒྱ་ནག་ཕྱི་ནང་གི་རྒྱ་མི་རིགས་དེ་འདྲ་བརྒྱུད་ནས་ཡིན་ནའང་འདྲ། བོད་ཕྱི་ནང་གི་བོད་མི་བརྒྱུད་ནས་ཡིན་ནའང་འདྲ། ཐབས་ཤེས་ཡོད་དགུ་དང་། འབད་བརྩོན་བྱེད་ཀྱི་ཡིན་པའི་དམ་བཅའ་འཇོག་གི་ཡིན། ཐབས་ཤེས་དེ་བྱས་ནས། ལས་དོན་འདི་འདྲ་བྱས་ཡིན། འདི་འདྲ་འགྲུབ་སོང་། འདི་འདྲ་འགྲུབ་མ་སོང་། མི་འགྲུབ་པའི་གནས་སྟངས་འདི་འདྲ་རེད་ཅེས་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་ཞིག་ཡིན་པའི་ཆ་ནས། སོ་སོའི་ལས་རྒྱུན་རིང་དེ་འདྲའི་ལན་འདེབས་མི་མང་ལ་ཡོད་པ་ཞིག་བྱེད་རྒྱུ་ཡིན། དེ་ཡང་ཆབ་སྲིད་ཀྱི་ལས་དོན་མང་ཆེ་བ་བོད་ནང་ལ་ཁ་ཕྱོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་འགྱུར་བ་ག་འདྲ་འགྲོ་ཡི་འདུག  ད་ལྟའི་གནས་སྟངས་ག་འདྲ་ཆགས་ཡོད་ལ་ཞིབ་ཅིང་ཕྲ་བ་བལྟས་ནས། ལས་གཞི་གང་འདྲ་བང་བསྒྲིག་དགོས་ལྟ་རྒྱུ་དང་། མིའི་ནུས་པ་དང་། དཔལ་འབྱོར་གྱི་ནུས་པ། དུས་ཚོད་ཀྱི་ནུས་པ་མང་བ་ཆབ་སྲིད་ཀྱི་ཐོག་གཏོང་གི་ཡིན་”ཞེས་གསུངས་སོང་།

lobsang_pentse1ཤེས་ཡོན་གྱི་སྐོར་གསུང་དོན། “གྲོས་ཚོགས་ནས་གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་ཇུས་དེའི་ཐོག་རྒྱག་གཅིག་མཆོང་གཅིག་གིས་འགྲོ་དགོས་པའི་གནས་སྟངས་ལ་སླེབས་བསྡད་ཡོད་པ་རེད། དེ་སྔོན་ལག་བསྟར་མ་བྱས་པ་མ་རེད་མོད། འདས་པའི་ལོ་བཞི་ལྔའི་རིང་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་སའི་སློབ་གྲྭ་མང་དུ་སོང་མེད་པ་གསལ་པོ་ཞེ་དྲག་རེད། ངའི་སྐབས་ལ་སློབ་གྲྭ་མང་དུ་གཏོང་བ་དང་། བོད་སློབ་འཛིན་ཚོགས་ཁག་ཉམས་ཆག་འགྲོ་ཡི་ཡོད་པ་ངས་དེ་སྔོན་ཞུས་ཡོད་ལ། ད་ལྟ་ཞུས་བསྡད་ཡོད། དེ་ལ་བཟང་ཐག་ངན་ཐག་གཅོད་དགོས་ཀྱི་འདུག རྩིས་ལེན་ཐུབ་ཀྱི་ཡོད་ན་ཡོད་པ་དང་། མེད་ན་མེད་པ། ཡོད་ན་ཆ་ཚང་ལེན་ཐུབ་ཀྱི་ཡོད་དང་མེད། ད་ལྟ་རྩིས་བླངས་ཟིན་པའི་སྔོན་འགྲོའི་སློབ་གྲྭ་ཁག་ནང་བཞིན་སྔོན་འགྲོའི་སློབ་གྲྭ་གཞན་པ་ཚོ་རྩིས་ལེན་ཐུབ་ཀྱི་རེད་དང་མ་རེད། དེ་ཚོའི་གནས་སྟངས་འགག་ས་གང་ལ་ཐུག་ཡོད་ན་དངོས་ཡོད་གནས་སྟངས་ལ་གཞི་བཞག་ནས་འགྲོ་དགོས་ཀྱི་འདུག ཕྱོགས་གཅིག་ནས་ལོ་བཞི་ཟེར་དུས་དུས་ཚོད་ཐུང་ཐུང་རེད། ཕྱོགས་གཞན་པ་ནས་བྱས་ན། ངས་བོད་སློབ་འཛིན་ཚོགས་ཞུ་ཡི་ཡོད་དཱ། ཊི་སི་ཝེ་བོད་ཕྲུག་ཁྱིམ་སྡེ་དང་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་ཞུ་ཡི་མེད། དེའི་ནང་བརྒྱ་ཆ་ཐོན་པ་དེ་འདྲ་བྱུང་ཡོད་རེད། དེ་ངས་མ་རེད་ཟེར་གྱི་མེད། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་དེ་ཚོར་གྱོང་གུད་ཤུགས་ཆེན་པོ་འགྲོ་ཡི་འདུག གལ་སྲིད་འཛིན་གྲྭ་ལྔ་པ་བར་དུ་རྩིས་ལེན་ཐུབ་ནའང་། ང་ཚོའི་ཤེས་ཡོན་སྲིད་ཇུས་དེ་ལག་བསྟར་བྱེད་ཐུབ་ས་ཞིག་དང་། མ་འོངས་པའི་མི་རབས་དེ་བོད་པའི་སྐད་ཡིག་གཞི་རྩ་བརྟན་པོ་བཙུགས་ཐུབ་པར་ཏན་ཏན་ཅིག་བྱེད་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེ་བརྒྱ་ཆ་བརྒྱ་ཡོད། དེ་བཞིན་བོད་པའི་གཞི་རིམ་སློབ་གྲྭ་མང་བ་ཞིག་ལ་ཤེས་ཡོན་སྲིད་ཇུས་ལག་བསྟར་ཐུབ་པ་དང་། བོད་ཕྲུག་ཁྱིམ་སྡེའི་འོག་ཡིན་ནའང་སློབ་གྲྭ་མང་དུ་གཏོང་ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་”ཞེས་གསུངས་སོང་།

དཔལ་འབྱོར་གྱི་སྐོར་གསུང་དོན། “ཕྱོགས་གཅིག་ནས་རང་ཁ་རང་གསོ་བཤད་ཀྱི་ཡོད་པ་རེད། ང་ཚོའི་དགོས་མཁོ་དང་མཐུན་པའི་དཔལ་འབྱོར་ཐབས་ཤེས་བྱེད་དགོས་པ་དེ་བྱེད་དགོས་རེད། ད་ལྟ་བར་དུ་དཔལ་འབྱོར་གྱི་རོགས་རམ་རག་པ་དེ་ཚོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། སྐབས་དང་དུས་སོ་སོའི་འཛིན་སྐྱོང་བཀའ་ཤག་གིས་ཏན་ཏན་གནང་ཡོད་པ་རེད། ངའི་དུས་ཚོད་ཡིན་ནའང་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རྒྱབ་སྐྱོར་ཡོང་གི་ཡོད་ཤག་ལ་ངོས་འཛིན་བྱེད་རྒྱུ་དང་། དེ་བཞིན་སོ་སོའི་ངོས་ནས་དཀའ་ལས་རྒྱག་གི་ཡིན། ཡིན་ནའང་ང་ཚོས་རང་ཁ་རང་གསོ་བཤད་བཞིན་མང་ཚོགས་ཀྱི་བསམ་བློའི་ནང་གཞན་རྟེན་གྱི་བསམ་བློ་དེ་དོར་མ་ཐུབ་ན། དེ་ནས་ཏག་ཏག་ཡོང་གི་མ་རེད། དེར་བརྟེན་གཞན་རྟེན་གྱི་བསམ་བློ་འདོར་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡིན། སྤྱི་ཚོགས་ཀྱི་བདེ་དོན་ཆེད་གཞོན་སྐྱེས་ཀྱི་ལས་རིམ་མང་པོ་བང་བསྒྲིགས་ཡོད། མི་ཟེར་བ་དེ་རྒན་ཁོག་ཆགས་ཡོང་དུས་ལྟ་མཁན་མེད་པ་དང་། ནད་པ་ཆགས་ན་དཀའ་ངལ་ཡོད་རེད། ཉམ་ཐག་ངོ་མ་དེ་ཚོར་རྒྱབ་སྐྱོར་བྱེད་རྒྱུ་དང་། བལ་ཡུལ་དང་འབྲུག་གི་བོད་མི་ཚོར་དཀའ་ངལ་སེལ་ཆེད་དམིགས་བསལ་གཞུང་ལ་འབྲེལ་བ་བྱེད་དགོས་པ་ཁག་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།

སྲིད་སྐྱོང་འོས་མི་བློ་བཟང་སེང་གེས་བགྲོ་གླེང་གི་ཐོག་མར་གཏམ་བཤད་གནང་དོན། “ལོ་བཞི་དང་ཕྱེད་ཀའི་རིང་བཀའ་ཤག་གི་ལྟ་གྲུབ་གསུམ། ཆིག་སྒྲིལ། གསར་བཏོད། རང་ཁ་རང་གསོ་བཅས་ཀྱི་ཐོག་རྒྱལ་སྤྱིའི་ཐོག་ལ་འབྲེལ་བ་ཡག་ཐག་ཆོད་བྱུང་ཡོད། ཆབ་སྲིད་ཐོག་ནས་རེད། དཔལ་འབྱོར་ཐོག་ནས་ཡིན་ནའང་རེད། རྒྱབ་སྐྱོར་ཡག་ཐག་ཆོད་རག་ཡོད། དེ་བཞིན་རྒྱ་གར་རྩ་ཆེན་པོར་བརྩི་ཡི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་རྒྱ་གར་དུ་ཡོད་པ་དང་། བོད་མི་མང་ཆེ་བ་རྒྱ་གར་ནང་ཡོད་པ་རེད། རྒྱ་གར་གྱི་སྲིད་བློན་གྱི་དབུ་འབྱེད་མཛད་སྒོ་ལ་སྲིད་སྐྱོང་མགྲོན་འབོད་བྱས་པ་ཐེངས་དང་པོ་ཆགས་ཡོད་པ་དང་། དེ་ནས་བཟུང་སྟེ། ད་ལྟ་བར་རྒྱ་གར་གྱི་བློན་ཆེན་རྣམ་པ་དང་། གནད་ཡོད་མི་སྣ། གྲོས་ཚོགས་འཐུས་མི། ལྟེ་གནས་ཁང་ཁག སློབ་གྲྭ་ཁག་ཡོངས་ལ་བཅར་ནས་བོད་དོན་གོ་རྟོགས་སྤེལ་ཐུབ་པ་དང་། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་རག་ཡོད་”ཅེས་གསུངས་སོང་།

ཤེས་ཡོན་གྱི་སྐོར་གསུང་དོན། “བཀའ་ཤག་འདིའི་ཐོག་ཤེས་ཡོན་ཡར་རྒྱས་གཏོང་གི་ཡིན་ཞེས་ཞུས་པ་ལྟར། འཛིན་རིམ་༡༢ ཀྱི་གྲུབ་འབྲས་གཅིག་པུར་གཟིགས་ནའང་། ཤེས་ཡོན་ག་ཚོད་ཡར་རྒྱས་སོང་ཡོད་རྣམ་པ་ཚང་མས་ཤེས་ཡོད་རེད་ལ། ཤེས་རིགས་ལས་ཁུངས་ནས་དཀའ་ལས་རྒྱག་ས་དང་། འགྲོ་སོང་མང་བ་གཏོང་ས་དེ་དམའ་རིམ་སློབ་གྲྭར་བཏང་ནས། གཞི་རྟེན་བརྟན་པོ་བཟོས་ནས། ལོ་༡༠ དང་༢༠ དང་༣༠ རིང་ཤེས་ཡོན་ད་ལྟ་ལས་ལྷག་ཡར་རྒྱས་ཡོང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན། སྐད་ཡིག་ཐོག་ནས་ཡིན་ན། ཤེས་ཡོན་སྲིད་ཇུས་ཐོག་གྲོས་ཚོགས་ནས་ཞིབ་འཇུག་བྱས་ཏེ། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་འདུག་ཅེས་གྲོས་ཚོགས་ཀྱིས་ཐག་གཅོད་བྱས་པ་ལྟར། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཤེས་ཡོད་སྲིད་ཇུས་ལག་བསྟར་བྱས་པའི་ཐོག་ནས། བོད་ཡིག་བོད་སྐད་ཀྱི་སློབ་ཚན་འཁྲིད་རྒྱུ་ཡར་རྒྱས་འགྲོ་བཞིན་ཡོད། བོད་སློབ་འཛིན་ཚོགས་རྩིས་ལེན་རྒྱུ་དེ། བཟང་ཐག་ངན་ཐག་གཅོད་ཀྱི་ཡིན་ཟེར་བ་དེར་ང་ཚོས་ཐག་གཅོད་རྒྱུ་ཡོད་པ་མ་རེད། ང་ཚོས་ལེན་རྒྱུར་འབད་བརྩོན་བྱེད་རྒྱུ་རེད་ལ། ལོ་སུམ་ཅུའི་རིང་བོད་སློབ་འཛིན་ཚོགས་ཚུར་རྩིས་ལེན་རྒྱུ་དེ་༧གོང་ས་མཆོག་གི་དགོངས་གཞི་རེད་ལ། བཀའ་ཤག་རིམ་པས་འབད་བརྩོན་གནང་ནས། ད་ཐེངས་བཀའ་ཤག་འདི་ལ་རྒྱ་གར་གཞུང་གིས་རྩིས་སྤྲོད་རྒྱུ་ཡིན་ཞེས་ཐུགས་ཐག་བཅད་ཡོད་པ་མ་ཟད། དམའ་རིམ་སློབ་གྲྭ་ཁག་ཅིག་རྩིས་སྤྲད་ཟིན་པ་རེད་ལ། ད་ལྟ་ཡིན་ནའང་སློབ་གྲྭ་འབྲིང་བ་རྩིས་ལེན་རྒྱུར་བཀའ་མོལ་གནང་བཞིན་པ་ཡིན་པས། རིམ་པས་རྩིས་ལེན་ཐུབ་རྒྱུར་བཀའ་ཤག་ལ་གདེངས་ཚོད་ཆ་ཚང་ཡོད། ཤེས་ཡོན་གྱི་ལག་ཁྱེར་ལེན་སྐབས། བོད་མིའི་སྒྲིག་འཛུགས་རང་ལ་དགོས་པའི་འཛིན་སྐྱོང་གི་ལག་ཁྱེར་དང་། ཆབ་སྲིད་ཀྱི་ལག་ཁྱེར། རྒྱལ་སྤྱིའི་ཁྲིམས་ཀྱི་ལག་ཁྱེར། རྒྱ་ནག་གི་སྐོར་གྱི་ལག་ཁྱེར། གསར་འགོད་པའི་ལག་ཁྱེར། དཔལ་འབྱོར་གྱི་ལག་ཁྱེར། ཞིང་པའི་ལག་ཁྱེར་ལེན་ཐབས་དང་སློབ་ཡོན་སྤྲོད་རྒྱུའི་འཆར་གཞི་ཡོད་”ཅེས་ཕྱི་རྒྱལ་ཁག་ཏུ་སློབ་མ་གཏོང་རྒྱུ་མང་དུ་གཏོང་ཐབས་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།

ཆབ་སྲིད་ལས་དོན་སྐོར་གསུང་དོན། “ལྔ་དང་ལྔ་བཅུ་ཞེས་འགྲེལ་བཤད་རྒྱག་གི་ཡོད། སྲིད་སྐྱོང་གི་ལས་ཡུན་ལོ་ལྔ་རེད། གྲོས་ཚོགས་ཀྱི་ལས་ཡུན་ལོ་ལྔ་རེད། ལོ་ལྔ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དབུ་མའི་ལམ་གཞིར་བཞག་ཐོག་ནས་བོད་རྒྱ་འབྲེལ་མོལ་བརྒྱུད། མིང་དོན་མཚུངས་པའི་རང་སྐྱོང་རག་ཐབས་དེ་རྩ་ཆེ་བའི་ཆབ་སྲིད་ཀྱི་འགན་རེད། དེ་རག་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་རེད། ཨ་རིའི་གཞུང་ཡིན་ན་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཅེས་༢༠༡༤ ལོར་ཕོ་བྲང་དཀར་པོ་ནས་གསལ་བསྒྲགས་གནང་ཡོད་པ་རེད། ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་ཌོ་ནོ་ཐོར་སི་ཡིས་རྒྱ་ནག་གི་སྲིད་བློན་ལཱེ་ཁེ་ཆང་མཇལ་འཕྲད་སྐབས། བོད་དོན་ཐོག་བཀའ་མོལ་གནང་དགོས་ཀྱི་འདུག་ཅེས་གསུངས་ཡོད། ཉེ་ཆར་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ནཱན་སི་པོ་ལེ་སི་དང་གྲོས་ཚོགས་འཐུས་མི་བོད་ལ་ཕེབས་རེད། མ་ཕེབས་སྔོན་ངས་མཇལ་ནས་བཀའ་བསྡུར་བྱུང་སོང་། ཕར་ཕེབས་ནས་རྒྱ་ནག་གི་གནད་ཡོད་མི་སྣ་མཇལ་ནས། བོད་ལ་འགྲོ་བ་མིའི་ཐོབ་ཐང་མི་འདུག བོད་རྒྱ་འབྲེལ་མོལ་དགོས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོ་བོད་ལ་མ་ཕེབས་སྔོན་ནས་ང་ཚོར་འབྲེལ་བ་ཡོད། ཁོང་ཚོ་ཕེབས་ནས་བོད་ལ་འགྲོ་བ་མིའི་ཐོབ་ཐང་མི་འདུག བོད་རྒྱ་འབྲེལ་མོལ་དགོས་ཀྱི་འདུག་ཅེས་ལབ་ཡོང་དུས་རྒྱལ་སྤྱིའི་ཐོག་ནས་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་ཡོད་པ་གསལ་པོ་རེད་”ཅེས་གསུངས་སོང་།

དཔལ་འབྱོར་སྐོར་གསུང་དོན། “བོད་མིའི་སྒྲིག་འཛུགས་ཀྱི་ལོ་གཅིག་གི་འགྲོ་སོང་ས་ཡ་གཅིག་སྟོང་ལྷག་ཅིག་དང་། ན་ནིང་ས་ཡ་ཉིས་སྟོང་དང་། ད་ལོ་ས་ཡ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་ཆགས་ཡོང་དུས། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་མཐུན་རྒྱུར་རོགས་རམ་རག་གི་ཡོད་པར་ངོས་འཛིན་ཡོད་ལ། ༧གོང་ས་མཆོག་གི་བཀའ་དྲིན་གྱི་འབྲེལ་བ་ཡོད་ས་ལ་རྙོབ་ནས་དེ་སྔོན་མ་བྱུང་བའི་རོགས་དངུལ་རག་ཡོད་པའི་བཀའ་ཤག་ཅིག་ཆགས་ཡོད།   དཔལ་འབྱོར་ཡིན་ན་བོད་པའི་དངུལ་ཁང་བཙུགས་རྒྱུ་ཡིན། ད་ལོ་དཔལ་འབྱོར་ལས་ཁུངས་ནས་ཞིབ་འཇུག་བྱས་ཏེ། ཡིག་ཆ་གྲ་སྒྲིག་བྱས་ནས་༢༠༡༨ ལོར་ང་རང་ཚོ་ལ་དགོས་པའི་བོད་མིའི་དངུལ་ཁང་རྒྱ་གར་གཞུང་གིས་འགོ་བཙུགས་ཀྱི་རེད་ཟེར་དུས། ཆ་ཚང་གྲ་སྒྲིག་བྱས་ཏེ། རག་ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་”ཞེས་བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཡོང་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།

བགྲོ་གླེང་དེའི་ཐོག་ཡོང་མཁན་མི་མང་ལ་མང་གཙོ་ཚོགས་པའི་ངོས་ནས་ཉིན་ཤས་སྔོན་ནས་ཐོ་འགོད་བྱས་པ་དང་། ཚོགས་ཁང་གི་རྐུབ་སྟེག་རྫོགས་ནས་མང་པོ་ཞིག་བགྲོ་གླེང་ལ་བཅར་ཐུབ་མེད་པ་རེད། སྲིད་སྐྱོང་འོས་མི་གཉིས་ཐེངས་འདིའི་འོས་བསྡུའི་སྐབས་མཉམ་དུ་བགྲོ་གླེང་གནང་བ་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། སྲིད་སྐྱོང་འོས་མི་གཉིས་ལ་མི་མང་གིས་གནད་དོན་འདྲ་མིན་ཐོག་དྲི་བ་ཧ་ཅང་མང་པོ་བཏང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།